༧
དེ་ནས་རྒྱལ་པོ་དར་ཡཱའི་ལོ་བཞི་པར། ཁིས་ལེབ་བྱ་བའི་ཟླ་བ་དགུ་པའི་ཚེས་བཞི་པ་ལ་ཡ་ཧོ་ཝཱའི་བཀའ་ཟ་ཀར་ཡཱ་ལ་བྱུང་ངོ་། ༢ བྱ་བ་འདི་ནི་བེད་ཨེལ་པ་རྣམས་ཀྱིས་དཀོན་མཆོག་གི་ཕོ་བྲང་དུ་ཡ་ཧོ་ཝཱའི་སྤྱན་སྔར་གསོལ་བ་འདེབས་སུ་ཤར་ཨེ་ཟེར་དང་། རེ་གེམ་མེ་ལེག་དང་། དེ་དག་གི་མི་རྣམས་མངགས་ཤིང་། ༣ ངས་ལོ་འདི་སྙེད་བྱས་པ་དང་འདྲ་བར། ཟླ་བ་ལྔ་པའི་ནང་ལ་ཟུར་དུ་ཐོན་ནས་ངུ་བར་བྱའམ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱའི་བླ་མ་དང་ལུང་སྟོན་པ་རྣམས་ལ་འདྲི་བའི་ཚེ་བྱུང་ངོ་། ༤ དེར་དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་བདག་ལ་བྱུང་ནས་འདི་སྐད་དུ། ༥ ཡུལ་མི་ཀུན་དང་བླ་མ་རྣམས་ལ་འདི་སྐད་སྦྲོན་ཞིག ཁྱོད་ཅག་གིས་ལོ་བདུན་ཅུར་ཟླ་བ་ལྔ་པ་དང་བདུན་པའི་ནང་དུ་སྨྱུང་ཞིང་མྱ་ངན་བྱས་པའི་ཚེ། ངོ་ཐོག་ངའི་དོན་དུའམ་ང་ཉིད་ཀྱི་དོན་དུ་སྨྱུང་བར་བྱས་སམ། ༦ ཁྱོད་ཀྱིས་ཟ་དུས་དང་འཐུང་དུས། རང་དོན་དུ་ཟ་ཞིང་མ་འཐུངས་སམ། ༧ བྱ་བ་འདི་ནི་ཡ་ཧོ་ཝཱས་སྔ་མའི་ལུང་སྟོན་པ་རྣམས་ཀྱི་ངང་ནས་འབོད་སྒྲོགས་ཤིང་ལྷོ་ཕྱོགས་ཀྱི་ཡུལ་དང་ཐང་གར་མི་རྣམས་གནས་པའི་ཚེ་ན། ཡེ་རུ་ཤ་ལེམ་འཚུགས་ཤིང་ཡིད་ཚིམ་ཞིང་། དེའི་མཐའ་འཁོར་གྱི་གྲོང་ཁྱེར་རྣམས་ཀྱང་དེ་བཞིན་ཡོད་པའི་ཚེ་གསུངས་པ་དེ་མ་ཡིན་ནམ། ཞེས་གསུངས་སོ༎༨ ཡང་ཡ་ཧོ་ཝཱའི་བཀའ་ཟ་ཀར་ཡཱ་ལ་བྱུང་ནས་འདི་སྐད་གསུངས། ༩ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། ཞལ་ཆེ་དྲང་པོར་གཅོད་ཅིང་། མི་རེ་རེས་རང་གི་སྤུན་ལ་དྲིན་དང་སྙིང་རྗེ་བྱོས་ཤིག ༡༠ ཡང་མོ་རང་མོ་དང་དྭ་ཕྲུག་དང་འགྲོན་པོ་དང་དབུལ་ཕོངས་རྣམས་ལ་ཚོད་ཆད་མ་བྱེད་པར། སུས་རང་གི་སྙིང་ན་རང་གི་སྤུན་ལ་སེམས་ངན་མ་སྐྱེད་ཅིག་བསྐུལ་ཡང་། ༡༡ དེ་དག་གིས་མི་ཉན་པ་ལས། གཉའ་རེངས་བྱས་ཏེ། མི་ཐོས་པའི་དོན་དུ་རྣ་བ་བཀག ༡༢ དེས་ཀྱང་མི་ཟད། དཔུང་ཆེན་གྱི་ཡ་ཧོ་ཝཱས་སྔ་མའི་ལུང་སྟོན་པ་རྣམས་ཀྱི་སྒོ་ནས་ཉིད་ཀྱི་ཐུགས་ཉིད་ཀྱི་ངང་ནས་མངགས་པའི་བཀའ་དང་། ཕྲིན་རྣམས་མི་ཐོས་པའི་ཕྱིར་དུ། རང་གི་སྙིང་རྡོ་རྗེ་ཕ་ལམ་ལྟར་སྲ་བར་བྱས་པའི་རྐྱེན་གྱིས། དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཕྱོགས་ནས་ཐུགས་ཁྲོ་ཆེན་པོ་བབ་པ་ཡིན་ནོ། ༡༣ དེ་བས་ན། ངས་བོས་ནས་དེ་དག་གིས་མ་ཉན་པ་བཞིན་དུ། དེ་དག་གིས་བོས་ཀྱང་། ངས་མི་གསན་ནོ། དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ནི། ༡༤ དེ་ལས་ཀྱང་ངས་དེ་དག་གིས་ངོ་མི་ཤེས་པའི་མི་བརྒྱུད་ཀུན་གྱི་ཁྲོད་དུ་སྐོར་རླུང་གིས་གཏོར་ཏེ། དེ་རྣམས་ཀྱིས་རང་གི་ཡིད་དུ་འོང་བའི་ཡུལ་དེ་སྟོངས་སུ་བཅུག་ནས། དེའི་ནང་དུ་སུས་ཀྱང་འགྲོ་འོང་མ་བྱས་པ་དང་། ཁོ་རྣམས་ཀྱི་རྟིང་ནས་ཡུལ་དེ་སྟོངས་པར་གྱུར་ཏོ༎