༦
ཡང་བདག་བསྒྱུར་ནས་རང་གི་མིག་བཏེག་ཅིང་བལྟས་པ་ལས། ཀྱེ་ཧོ། རི་གཉིས་ཀྱི་བར་ནས་ཤིང་རྟ་བཞི་འཐོན་བྱུང་སྟེ། རི་དེ་གཉིས་ནི་ར་གན་གྱི་རིའོ། ༢ ཤིང་རྟ་དང་པོར་རྟ་སྐྱང་བུ་དང་ཤིང་རྟ་གཉིས་པར་རྟ་འོལ་བ་དང་། ༣ ཤིང་རྟ་གསུམ་པར་རྟ་དཀར་པོ་དང་། ཤིང་རྟ་བཞི་པར་རྟ་ཁྲ་བོ་དང་ཐིག་ལེ་ཅན་རྣམས་འདུག་གོ། ༤ དེ་ནས་བདག་དང་གཏམ་བྱས་པའི་ཕོ་ཉ་དེ་ལ་ངས་ལན་དུ། ངའི་ཇོ་བོ། འདི་དག་ཅི་ལགས་ཞེས་ཞུས་པ་དང་། ༥ ཕོ་ཉ་དེས་བདག་ལ་ལན་དུ། འདི་ནི་ས་ཐམས་ཅད་ཀྱི་གཙོ་བོའི་ཞལ་ངོར་ཡོད་པ་ལས་ཐོན་པའི་ནམ་མཁའི་རླུང་བཞི་པོ་སྟེ། ༦ རྟ་འོལ་བ་རྣམས་ཡོད་པ་ནི་བྱང་གི་ཡུལ་དུ་འགྲོའོ། དཀར་པོ་རྣམས་དེ་དག་གི་ཕྱི་བཞིན་དང་། ཁྲ་བོ་རྣམས་ནི་ལྷོའི་ཡུལ་དང་། ༧ སྐྱང་བུ་དེ་རྣམས་ཐོན་ཏེ་ས་ཐམས་ཅད་ཕན་ཚུན་འཁོར་དུ་བསྙེགས་ཏེ། དེས་འདོང་ལ། ས་གཞིར་ཕན་ཚུན་འཁོར་ཞིག་སྨྲས་པ་དང་། དེ་དག་གིས་ས་གཞིར་ཕན་ཚུན་འཁོར་བར་བྱས་པ་དང་། ༨ དེས་བདག་ལ་བོས་ནས། གཏམ་བྱས་ཏེ་འདི་ན་རེ། བྱང་གི་ཡུལ་དུ་ཕྱིན་པ་རྣམས་ལ་ལྟོས་ཤིག དེ་དག་གིས་བྱང་གི་ཡུལ་དུ་ངའི་ཡིད་ཚིམ་པར་བྱས་སོ་ཞེས་སྨྲས་སོ༎༩ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ། ༡༠ ཁྱོད་ཀྱིས་བཱ་བེལ་ནས་འོངས་པའི་བཙོན་པའི་ཁྲོད་ལས་ཧེལ་དཱ་ཨི་དང་། ཏོ་བི་ཡཱ་དང་། ཡེ་ད་ཡཱ་ལས་བླངས་ཏེ། ཉིན་དེ་ཀར་ཆས་ཏེ། ཟེ་ཕན་ཡཱའི་བུ་ཡོ་ཤི་ཡཱའི་ཁྱིམ་དུ་ཞུགས་ཏེ། ༡༡ འོ་ན་དེ་དག་ལས་དངུལ་དང་གསེར་བླངས་ཏེ་ཅོད་པན་རྣམས་བཟོས་ནས། ཡོ་ཚ་དག་གི་བུ་ཡོ་ཤུ་ཨ་བླ་མ་ཆེན་པོ་ལགས་པའི་མགོར་སྐོན་ཞིག་དང་། ༡༢ དེ་ལ་འདི་སྐད་སྨྲོས་ཤིག དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ལྕུག་གུའི་མིང་ཡོད་པའི་སྐྱེས་བུར་ལྟོས་ཤིག དེ་ནི་རང་གི་གནས་ནས་འཁྲུངས་ཏེ། ཡ་ཧོ་ཝཱའི་ཕོ་བྲང་བཞེང་བར་བྱའོ། ༡༣ འོ་ན། དེས་ཡ་ཧོ་ཝཱའི་ཕོ་བྲང་བཞེངས་ཏེ། དཔལ་དང་ལྡན་ཏེ། རང་གི་རྒྱལ་ཁྲིར་འཁོད་ཅིང་རྒྱལ་སྲིད་སྐྱོང་ཞིང་། རང་གི་རྒྱལ་ཁྲིར་བླ་མར་འགྱུར་བར་འགྱུར། དེ་གཉིས་ཀྱི་ནང་ནས་ཞི་བདེའི་བཀའ་གྲོས་འབྱུང་བར་འགྱུར་རོ། ༡༤ ཅོད་པན་དེ་རྣམས་ནི་ཡ་ཧོ་ཝཱའི་མཆོད་ཁང་གི་ནང་ན་ཧེ་ལེམ་དང་། ཏོ་བི་ཡཱ་དང་། ཡེ་ད་ཡཱ་དང་། ཟེ་ཕན་ཡཱའི་བུ་ཧེན་རྣམས་ཀྱི་དྲན་རྟེན་དུ་འགྱུར་བར་འགྱུར་རོ༎
༡༥ དེ་ནས་ས་ཐག་རིང་པོར་ཡོད་པ་རྣམས་འོངས་ནས། ཡ་ཧོ་ཝཱའི་མཆོད་ཁང་གི་ནང་དུ་མཁར་ལས་བྱེད་པར་འགྱུར། དེ་ནས་ཁྱོད་ཅག་གིས་ང་ནི་དཔུང་ཆེན་གྱི་ཡ་ཧོ་ཝཱས་མངགས་པ་རྟོགས་པར་འགྱུར། ཡང་ཇི་སྟེ་ཁྱོད་ཅག་གིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་སྐད་ལ་ཉན་པར་སྙེགས་ན། དེ་བཞིན་དུ་འབྱུང་བར་འགྱུར་རོ༎