དེ་ནས་ངས་སླར་ཡང་མིག་བཏེག་ཅིང་བལྟས་པ་ལས། ལྟོས། ལྡིང་འགྲོས་བྱེད་པའི་ཤོག་སྒྲིལ་ཞིག་འདུག  ཡང་དེས་ང་ལ་ཁྱོད་ཀྱིས་ཅི་མཐོང་། ཞེས་གསུངས་པའི་ལན་དུ་ངས། ལྡིང་འགྲོས་བྱེད་པའི་ཤོག་སྒྲིལ་རིང་ཐུང་དུ་ཁྲུ་ཉི་ཤུ་དང་ཞེང་དུ་ཁྲུ་བཅུ་ཐམ་པ་ཡོད་པ་ཞིག་མཐོང་ངོ་ཞུས་པ་དང་།  དེས་ང་ལ། འདི་ནི་ས་གཞིའི་ངོས་ཐམས་ཅད་ལ་འབབ་པའི་དམོད་པ་དེ་ཡིན། གང་ལ་ཞེ་ན། དེའི་ཚུར་ཕྱོགས་ན། རྐུ་བ་ཐམས་ཅད་དེ་ནང་བཞིན་དུ་ཚར་དུ་གཅད་པ་དང་། ཕར་ཕྱོགས་ན། མནའ་ཟོས་ཐམས་ཅད་ཀྱང་དེ་ནང་བཞིན་དུ་ཚར་དུ་གཅད་པར་འགྱུར་རོ།  ངས་དེ་གདོན་ནོ། དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ནི། ཡང་དེ་ནི་རྐུན་པོའི་ཁྱིམ་གྱི་ནང་དང་། ངའི་མཚན་བརྗོད་ཅིང་རྫུན་གྱི་མནའ་སྐྱེལ་བའི་ཁྱིམ་དུ་འཛུལ་ཞིང་། དེའི་ཁྱིམ་གྱི་གཞུང་དུ་བསྡད་དེ། གདུང་མ་དང་རྡོ་རྣམས་དང་བཅས་པ་དེ་མེད་པར་བྱའོ༎
 ཡང་བདག་དང་གཏམ་བྱས་པའི་ཕོ་ཉ་དེ་ཐོན་ཏེ་བདག་ལ། ད་རང་གི་མིག་ཐེག་ཅིང་། འཐོན་འོང་བ་འདི་ཅི་ལགས་ལྟོས་ཤིག་གསུངས་པས།  ངས་འདི་ཅི་ལགས་ཞུས་པས། དེ་ན་རེ། འཐོན་འོང་བ་འདི་ནི་ཨེ་ཕ་ཞིག་གོ་གསུངས་ཏེ། སླར་ཡང་དེས། འདི་ནི་ས་གཞི་ཐམས་ཅད་ཀྱི་ནང་ན་དེ་དག་གི་འདྲ་དཔེ་སྟེ།  ཀྱེ་ཧོ། ཞ་ཉེའི་རྡོ་ཚད་བཏེགས་པ་ཞིག་ཡོད། ཡང་འདི་ནི་བུད་མེད་ཨེ་ཕའེ་དབུས་ན་སྡོད་པ་ཞིག་འདུག་གོ་ཞེས་གསུངས་ནས།  ཡང་དེས། འདི་ནི་ངན་པ་ཉིད་དོ། གསུངས་ཏེ། མོ་ནི་ཨེ་ཕའི་དཀྱིལ་དུ་ཕངས་ཏེ། ཞ་ཉེའི་སྐར་ཚད་ནི་དེའི་ཁ་ལ་བརྒྱབ་པར་བྱས་པ་དང་།  ངས་རང་གི་མིག་བཏེག་ནས་བལྟས་པ་ལས། ཀྱེ་ཧོ། བུད་མེད་གཉིས་བྱུང་སྟེ། དེ་དག་གི་ཤོག་པའི་ནང་ན་རླུང་ཡོད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་བྱ་ཁྲུང་ཁྲུང་གི་ཤོག་པ་དང་འདྲ་བའི་ཤོག་པ་ཡོད་པའི་ཕྱིར་རོ། ཡང་དེ་དག་གིས་ཨེ་ཕ་དེ་གནམ་སའི་མཚམས་སུ་བཏེགས་ཁྱེར་བ་དང་། ༡༠ བདག་དང་གཏམ་བྱས་པའི་ཕོ་ཉ་དེ་ལ་ངས། འདི་དག་གིས་ཨེ་ཕ་དེ་གང་དུ་འཁྱེར་རོ་བྱས་པས། ༡༡ དེས་ང་ལ། མོ་ལ་ཤི་ནེ་ཨར་དུ་ཁྱིམ་ཞིག་རྩིག་པའི་དོན་དུ་འཁྱེར་རོ། ཡང་དེ་འཛུགས་ཤིང་མོ་རང་གི་གནས་སུ་འཇོག་པར་འགྱུར་རོ་ཞེས་གསུངས་སོ༎