ཡང་བདག་དང་གཏམ་བྱས་པའི་ཕོ་ཉ་དེ་སླར་འོངས་ནས། མི་ཞིག་གི་གཉིད་སད་པ་ལྟར། ངའི་གཉིད་སད་པར་བྱས་ཏེ།  བདག་ལ། ཁྱོད་ཀྱིས་ཅི་མཐོང་སྨྲས་པས། ངས་ཞུས་པ། ངས་བལྟས་པ་ལས། ཀྱེ་ཧོ། གསེར་ལྗང་རྡུང་གི་སྟེགས་བུ་ཞིག་དང་། དེའི་རྩེ་ན་དེའི་ཏིང་དང་། དེའི་གོང་ན་དེའི་སྒྲོན་མ་བདུན་དང་། དེའི་གོང་ན་ཡོད་པའི་སྒྲོན་མ་བདུན་གྱི་པུ་རི་བདུན་དང་།  དེའི་མདུན་དུ་ཁ་སྐྱུར་པོའི་ཤིང་སྡོང་གཉིས་ལས། གཅིག་ཏིང་གི་གཡས་ན་དང་། གཅིག་དེའི་གཡོན་ན་འདུག  ཡང་བདག་དང་གཏམ་བྱས་པའི་ཕོ་ཉ་དེ་ལ་ངས་ལན་བཏབ་ནས། ངའི་ཇོ་བོ། འདི་དག་ཅི་ཡིན་ཞུས་པ་དང་།  བདག་དང་གཏམ་བྱས་པའི་ཕོ་ཉ་དེས་ང་ལ་ལན་དུ། འདི་དག་ཅི་ཡིན་ཁྱོད་ཀྱིས་མི་ཤེས་སམ་གསུངས་པས། ངས་ངའི་ཇོ་བོ། ངས་མི་ཤེས་སོ་ཞེས་ཞུས་པ་ལས།
 དེས་ལན་དུ་བདག་ལ་ན་རེ། ཟེ་རུབ་བཱ་བེལ་གྱི་ཕྱིར་ཡ་ཧོ་ཝཱའི་བཀའ་མཆིད་ནི་འདི་ལྟ་སྟེ། སྟོབས་ལས་ཀྱང་མིན། དབང་ལས་ཀྱང་མིན་གྱི། ངའི་ཐུགས་ཉིད་ལས་ཡིན་ནོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་།  ཀྱེ་རི་བོ་ཆེ། ཁྱོད་ཅི་ཡིན། ཟེ་རུབ་བཱ་བེལ་གྱི་མདུན་ན་ཁྱོད་ཐང་ག་སྟེ། ཁོས་ཟུར་རྡོ་འདོན་སྐབས་སུ། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས་ཞེས་འབོད་སྒྲོག་པར་འགྱུར་རོ།  སླར་ཡང་ཡ་ཧོ་ཝཱའི་བཀའ་བདག་ལ་བྱུང་ནས་འདི་སྐད་གསུང་།  ཟེ་རུབ་བཱ་བེལ་གྱི་ལག་པ་རྣམས་ཀྱིས་ཕོ་བྲང་འདིའི་ཞབས་གདན་བཏིང་བས། དེའི་ལག་པ་རྣམས་ཀྱིས་དེ་སྒྲུབ་པར་བྱའོ། དེ་ནས་ཁྱོད་ཀྱིས་དཔུང་ཆེན་གྱི་ཡ་ཧོ་ཝཱས་ང་ཁྱོད་རྩར་མངགས་པ་རྟོགས་པར་འགྱུར་རོ། ༡༠ དེ་ཅིའི་ཕྱིར་ཞེ་ན། བྱ་བ་ཆུང་བ་རྣམས་ཀྱི་ཉིན་མོ་ལ་ཁྱད་དུ་སད་པ་དེ་སུ་ཡིན། གང་ལ་ཞེ་ན། ས་ཆེན་པོ་ཀུན་ཏུ་རྒྱུ་བའི་ཡ་ཧོ་ཝཱའི་སྤྱན་བདུན་པོས་ནི། ཟེ་རུབ་བཱ་བེལ་གྱི་ལག་ཏུ་ཡོད་པའི་གཏིང་རྡོ་ལ་ཐུགས་མཉེས་ཤིང་གཟིགས་པར་འགྱུར་རོ༎
༡༡ དེ་ནས་ངས་ལན་དུ་དེ་ལ། སྟེགས་བུའི་གཡས་གཡོན་ན་ཡོད་པའི་ཁ་སྐྱུར་པོའི་ཤིང་སྡོང་འདི་གཉིས་པོ་ཅི་ལགས་ཞུས་ཏེ། ༡༢ སླར་ཡང་ངས་དེ་ལ་ལན་དུ། གསེར་གྱི་པུ་རི་གཉིས་པོའི་ནང་ནས་གསེར་གྱི་འབྲུ་མར་ཕྱིར་འབྲུབ་པའི་གན་དུ་ཡོད་པའི་ཁ་སྐྱུར་པོའི་ཡལ་འདབ་འདི་གཉིས་པོ་ནི་ཅི་ཞིག་ལགས་ཞེས་ཞུས་པ་དང་། ༡༣ དེས་ང་ལ་ལན་དུ། འདི་དག་ཅི་ཡིན་པ་ཁྱོད་ཀྱིས་མི་ཤེས་སམ་གསུངས་པས། ངས་ངའི་ཇོ་བོ། ངས་མི་ཤེས་སོ་ཞུས་པ་དང་། ༡༤ དེས་ང་ལ། འདི་གཉིས་པོ་ནི་ས་ཆེན་པོ་ཀུན་གྱི་གཙོ་བོའི་སྤྱན་སྔར་འགྲེང་བའི་འབྲུ་མར་གྱི་བུ་དེ་གཉིས་ལགས་སོ། ཞེས་གསུངས་སོ༎