ཡང་དེས་ང་ལ་ཡ་ཧོ་ཝཱའི་ཕོ་ཉའི་མདུན་དུ་མཆིས་པའི་བླ་མ་ཆེན་པོ་ཡོ་ཤུ་ཨ་བསྟན་ཏེ། དེ་ལ་སཱ་ཏན་གྱིས་རྒོལ་དུ་དེའི་ལག་གཡས་ན་ལངས་ནས་འདུག་གོ།  ཡང་ཡ་ཧོ་ཝཱས་སཱ་ཏན་ལ། ཀྱེ་སཱ་ཏན། ཡ་ཧོ་ཝཱས་ཁྱོད་ལ་སྨད་པར་མཛོད་ཅིག ཡེ་རུ་ཤ་ལེམ་འདམས་པའི་ཡ་ཧོ་ཝཱ་ཁོང་གིས་ཁྱོད་ལ་སྨད་པར་མཛོད་ཅིག འདི་ནི་མེའི་ནང་ནས་ཕྱུང་བའི་མགལ་ཐོ་ཞིག་མིན་ནམ།  དེར་ཡོ་ཤུ་ཨ་བཙོག་པའི་གོས་རྣམས་གསོལ་ནས། ཕོ་ཉའི་མདུན་དུ་འགྲེང་ནས་འདུག་གོ།  ཡང་དེས་རང་གི་མདུན་དུ་ལྡང་བ་རྣམས་ལ་འདི་སྐད་དུ། དེ་ལས་བཙོག་པའི་གོས་རྣམས་ཕུད་ཅིག་ཅེས་བསྒོའོ། ཡང་ཁོང་གིས་དེ་ལ། ཀྱེ་ཧོ། ངས་ཁྱོད་ཀྱི་ཉེས་པ་ཁྱོད་ལས་ཕྲལ་ཟིན་ཏེ། ཁྱོད་ལ་གཟབ་གོས་སྐོན་པར་བྱའོ་ཞེས་གསུངས་སོ།  ཡང་ཁོང་གིས། དེའི་མགོ་ལ་ཐོད་ལེགས་པ་སྐོན་ཞིག་གསུངས་པས། དེ་དག་གིས་དེའི་མགོ་ལ་ཐོད་ལེགས་པ་ཞིག་ཀྱང་བསྐོན་ཏེ། ན་བཟའ་ཡང་གསོལ་བར་བྱས་པ་ལས། ཡ་ཧོ་ཝཱའི་ཕོ་ཉ་དེའི་མཆན་དུ་འགྲེང་ནས་འདུག་གོ།
 ཡང་ཡ་ཧོ་ཝཱའི་ཕོ་ཉས་ཡོ་ཤུ་ཨ་ལ་ནན་ཆགས་བྱེད་ཅིང་འདི་སྐད་དུ།  དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། གལ་ཏེ་ཁྱོད་ངའི་ལམ་རྣམས་ན་འགྲུལ་ཞིང་། ངའི་བཀའ་སྲུང་ན། ཁྱོད་ཀྱིས་ཀྱང་ངའི་ཕོ་བྲང་ན་སྲིད་བྱ་ཞིང་། ངའི་ཚོམས་རྣམས་ལ་ལྟ་བ་དང་། ངས་ཁྱོད་ལ་འདིར་འགྲེང་བའི་ཁྲོད་དུ་རྒྱུ་བའི་གནས་ཀྱང་སྦྱིན་པར་བྱའོ།  ད་ཀྱེ་བླ་མ་ཆེན་པོ་ཡོ་ཤུ་ཨ། ཁྱོད་དང་ཁྱོད་ཀྱི་གྲོགས་ཁྱོད་ཀྱི་མདུན་དུ་གནས་ཡོད་པ་རྣམས། ཚུར་ལ་ཉོན་ཞིག མི་འདི་དག་ནི་དཔེ་ལྟས་སོ། དེ་ཅིའི་ཕྱིར་ཞེ་ན། ལྟོས་ཤིག་བདག་ཉིད་ཀྱི་བྲན་པོ་ལྕུག་མའི་མཚན་ཅན་དེ་ངས་སྐྱེད་པར་བྱའོ།  དེ་ཅིའི་ཕྱིར་ཞེ་ན། བདག་གིས་ཡོ་ཤུ་ཨའི་མདུན་དུ་བཞག་པའི་རྡོ་དེ་ལ་ལྟོས་ཤིག རྡོ་གཅིག་པོ་དེ་ལ་སྤྱན་བདུན་འདུག ལྟོས་ཤིག་ངས་དེ་རྐོས་ཀྱིས་རྐོ་བར་བྱའོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ཡང་ངས་ཡུལ་ཁམས་འདིའི་ཉེས་སྡིག་ནི་ཉི་མ་གཅིག་གི་ནང་འཁྱེར་བར་བྱའོ། ༡༠ ཉིན་མོ་དེར་དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ནི། ཁྱོད་ཅག་རེ་རེ་ཡིས་རང་གི་ཁྱིམ་མཚེས་ལ་རྒུན་ཤིང་དང་སེ་ཡབ་ཤིང་གི་ལྐོག་ཏུ་སྡོད་དུ་འབོད་པར་བྱའོ། ཞེས་སྨྲས་སོ༎