༡༣
ཨེབ་ར་ཨིམ་གྱིས་གླེང་དུས། མི་རྣམས་འདར་ཏེ། ཨིས་ར་ཨེལ་གྱི་ནང་ན་ཁོ་འཕར་བར་གྱུར་གྱིས། བ་ཨཱལ་གྱིས་རྐྱེན་ཏེ་ཁོ་འགལ་ནས་ཤི། ༢ ད་ལྟ་སྡིག་པ་ཇེ་མང་དུ་བྱེད་ཅིང་རང་གི་དངུལ་ལས་རང་ལ་བླུག་སྐུ་རྣམས་བཟོས། རང་གི་འདུ་ཤེས་བཞིན་སྐུ་འདྲ་བྱས། དེ་ཐམས་ཅད་ལག་ཤེས་ཀྱི་ལས་ཡིན། དེ་དག་གི་སྐོར་དུ་ཁོ་རྣམས་ཀྱིས། མཆོད་པ་འབུལ་མཁན་རྣམས་ཀྱིས་བེའུ་རྣམས་ལ་ཁ་སྐྱོལ་ཞིག་ཅེས་སྨྲའོ། ༣ དེའི་ཕྱིར་དེ་དག་ནི་སྔ་དྲོའི་སྤྲིན་ལྟ་བུ་དང་སྔ་སོར་སྟོར་བའི་ཟིལ་པ་ལྟ་བུར་འགྱུར་ཞིང་། རླུང་འཚུབ་ཀྱིས་གཡུལ་འཐག་ལས་འཁྱེར་བའི་སོག་མ་ལྟ་བུ་དང་། དུད་ཁུང་ལས་འཐོན་པའི་དུ་བ་ལྟ་བུའོ༎༤ འོན་ཀྱང་ཡ་ཧོ་ཝཱ་ང་ནི་མི་སེར་ཡུལ་ནས་ཚུན་དུ་ཁྱོད་ཀྱི་དཀོན་མཆོག་ལགས་ཏེ། ཁྱོད་ཀྱིས་ང་མ་གཏོགས་པར་གཞན་དཀོན་མཆོག་གང་ཡང་ངོ་མི་ཤེས། ཡང་ང་མ་གཏོགས་པར་གཞན་སྐྱབས་མགོན་ཞིག་མེད་དོ། ༥ འབྲོག་སྟོང་ན་ཐན་པའི་གནས་སུ་ཁྱོད་ལ་གཟིགས་པ་དེ་ང་ཡིན། ༦ དེ་བཞིན་དུ་སོས་ནས་དེ་དག་འགྲངས། ༧ འགྲངས་ནས་སྙིང་ན་རང་མཐོང་སྐྱེས་པའི་དབང་གིས་དེ་དག་གིས་ང་ནི་བརྗེད། དེའི་ཕྱིར་ང་དེ་དག་ལ་སེང་གེ་བཞིན་དུ་གྱུར་ཏེ། ལམ་ཁར་ཡོད་པའི་གཟིག་བཞིན་དུ་ངས་དེ་དག་ལ་འཇབ། ༨ ཕྲུ་གུ་རྣམས་ཕྲོགས་པར་གྱུར་བའི་དོམ་བཞིན་དུ་ང་དེ་དག་དང་ཕྲད་དེ། ཁོ་རྣམས་ཀྱི་སྙིང་གི་ཤུབས་བཤགས་ནས། སེང་མོ་བཞིན་དུ་དེ་དག་དེར་མིད་ཅིང་། གཅན་གཟན་གྱིས་དེ་རྣམས་འདྲལ་བར་བྱའོ༎
༩ ཀྱེ་ཨིས་ར་ཨེལ། ཁྱོད་ཀྱི་སྐྱབས་ཡིན་པ་ང་ལ་སྡང་བ་ནི་ཁྱོད་འཕུང་བའི་རྒྱུའོ། ༡༠ ད་ཁྱོད་རང་གི་གྲོང་ཁྱེར་ཐམས་ཅད་ན་ཁྱོད་སྲུང་བའི་རང་གི་རྒྱལ་པོ་དེ་ག་ན་ཡོད། ང་ལ་རྒྱལ་པོ་ཞིག་དང་སྐུ་དྲག་རྣམས་ཐོང་ཞིག་ཅེས་པའི་ཁྲིམས་དཔོན་རྣམས་ག་ན་ཡོད། ༡༡ ངས་རང་གི་ཐུགས་ཁྲོའི་ངང་ནས་ཁྱོད་ལ་རྒྱལ་པོ་གནང་སྟེ། ཁོང་ཁྲོའི་ངང་ནས་དེ་ཁྱེར་པ་ཡིན།
༡༢ ཨེབ་ར་ཨིམ་གྱི་མི་རིགས་པ་བསྡམས་ཏེ། དེའི་ཉེས་པ་ཚགས་བྱས་ནས་ཡོད། ༡༣ བུད་མེད་ཀྱི་སྐྱེ་གཟེར་རྣམས་དེ་ལ་འབབ་པར་འགྱུར། ཁོ་ནི་བློ་རྨོངས་པའི་བུའོ། བུ་ཕྱིར་འཐོན་པའི་གནས་སུ་ཁོ་ཡུན་རིང་སྡོད་པའི་མི་རིགས་སོ། ༡༤ ངས་དེ་དག་གཤིན་ཡུལ་གྱི་དབང་ལས་བླུ་བར་བྱའམ། འཆི་པ་ལས་སྐྱོབ་པར་བྱའམ། ཀྱེ་འཆི་བ། ཁྱོད་ཀྱི་རིམས་རྣམས་ག་རེ། ཀྱེ་གཤིན་ཁམས། ཁྱོད་ཀྱི་འཇིག་པར་བྱེད་པ་ག་རེ། འགྱོད་པ་ནི་ངའི་སྤྱན་ལས་སྟོར་བར་འགྱུར། ༡༥ དེ་ནི་རང་གི་སྤུན་གྱི་ཁྲོད་ན་ཤིང་ཐོག་རྒྱས་པ་ཡིན་རུང་། ཤར་རླུང་ཞིག་འོངས་ཏེ། ཡ་ཧོ་ཝཱའི་རླུང་འབྲོག་སྟོང་ནས་ལངས་ནས། དེའི་ཆུ་མགོ་སྐམ་ཞིང་། ཆུ་མིག་སྐམ་ནས། ཁོས་རང་གི་གཏེར་གྱི་སྡུག་པའི་ཡོ་བྱད་རྣམས་བརླག་ཏུ་འཇུག་པར་འགྱུར་རོ། ༡༦ ས་མར་ཡཱས་རང་གི་ཉེས་འགལ་ཐོགས་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེས་རང་གི་དཀོན་མཆོག་ལ་ངོ་ལོག་བྱས་པས། དེ་དག་རལ་གྲིས་བརྡབས་ནས། དེ་དག་གི་ཕྲུ་གུ་རྣམས་ས་ལ་བརྡབས་ཏེ། བུད་མེད་སྦྲུམ་མ་རྣམས་གཤེག་པར་འགྱུར་རོ༎