༡༢
ཨེབ་ར་ཨིམ་གྱིས་རླུང་ལ་འཚོ་བ་བྱེད་ཅིང་། ཤར་རླུང་གི་རྗེས་སུ་རྒྱུག ཞག་རེ་བཞིན་བརྫུན་མང་དུ་སྨྲ་སྟེ་དབང་ཆོས་བྱེད། ཨ་སུར་དང་ཆད་དོན་བྱེད་དེ། མི་སེར་དུ་འབྲུ་མར་སྐྱེལ་ལོ༎༢ ཡ་ཧོ་ཝཱ་ལ་ཡ་ཧུ་དཱ་མཉམ་དུའང་འཛིང་མོ་ཞིག་ཡོད་དེ། ཡ་ཀོབ་ལ་དེའི་ལམ་རྣམས་བཞིན་དུ་ཆད་པ་དང་། སྤྱོད་པ་བཞིན་དུ་ལན་གཞལ་ལོ། ༣ དེས་མངལ་གྱི་ནང་ན་རང་གི་སྤུན་གྱི་རྟིང་པར་འཇུས། དར་ལ་བབ་དུས་དཀོན་མཆོག་དང་ཤེད་འགྲན་བཏང་སྟེ། ༤ འོ་ན། ཕོ་ཉ་དང་བརྒོལ་ནས་རྒྱལ། དུས་དེ་ཁོང་ལ་གསོལ་བ་བཏབ་ནས་བེད་ཨེལ་ན་མཇལ་ཏེ། དེར་ཁོང་གིས་ངེད་ལ་གསུང་གླེང་མཛད། ༥ ཞེས་ན་ཡ་ཧོ་ཝཱ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་གིས་སོ། ཁོང་གི་དྲན་རྟགས་ནི་ཡ་ཧོ་ཝཱའོ། ༦ དེ་བས་ན་ཁྱོད་རང་གི་དཀོན་མཆོག་གི་ཕྱོགས་སུ་སྒྱུར་ཞིག སྙིང་རྗེ་དང་གཤགས་སྲུང་ཞིང་། རང་གི་དཀོན་མཆོག་ལ་རྒྱུན་དུ་རྟེན་པར་གྱིས་ཤིག
༧ ཀ་ན་ཨན་པའི་ལག་ན་མགོ་སྐོར་བའི་སྲང་ཡོད་དེ། ཟོལ་ཟོག་ལ་ཆགས་སོ། ༨ ཨེབ་ར་ཨིམ་གྱིས་འདི་སྐད་དུ། ད་ཕྱུག་སྟེ་རྒྱུ་ནོར་མང་པོ་ང་ལ་བརྙེད། ངའི་ལས་ཐམས་ཅད་ཀྱི་ནང་ན་སྡིག་པ་ཡིན་པའི་མི་ཚངས་པ་ཅིའང་སུ་ཞིག་ལ་ཐོབ་པར་མི་འགྱུར་ཞེས་སྨྲས་ཀྱང་། ༩ ང་ཡ་ཧོ་ཝཱ་ནི་མི་སེར་ཡུལ་ནས་ཚུན་དུ་ཁྱོད་ཀྱི་དཀོན་མཆོག་ལགས་སོ། ད་དུང་དུས་ཆེན་གྱི་ཞག་རྣམས་ཀྱི་ཚུལ་བཞིན་དུ་ངས་ཁྱོད་སླར་གུར་ནང་གནས་སུ་གཞུག་གོ།
༡༠ ངས་ལུང་སྟོན་པའི་སྒོ་ནས་ཀྱང་སྨྲས། ཞལ་གཟིགས་མང་པོའང་བསྟན། ལུང་སྟོན་པ་རྣམས་བར་དུ་བཞག་ནས་དཔེ་མང་པོའང་བསྟན་ཏོ། ༡༡ གིལ་ཨད་ན་མི་ཚངས་པ་ཡོད་དམ། ཡང་དག་པར་དེ་དག་སྙིང་པོ་མེད་པའོ། དེ་དག་གིས་གིལ་གལ་ན་གླང་རྣམས་མཆོད་པར་གཏོང་། དེ་དག་གི་མཆོད་ཁྲི་རྣམས་ཞིང་གི་རོལ་རྣམས་ཀྱི་ས་སྤུང་དང་འདྲ་བར་འགྱུར་འོང་། ༡༢ ཡང་ཡ་ཀོབ་ནི་ཨ་རམ་ཡུལ་དུ་བྲོས་ནས། ཨིས་ར་ཨེལ་གྱིས་ཆུང་མ་ཐོབ་ཕྱིར་བྲན་པོ་བྱས། ཁྱོ་མོའི་དོན་དུ་ལུག་འཚོས། ༡༣ ལུང་སྟོན་པ་ཞིག་གི་སྒོ་ནས་ཡ་ཧོ་ཝཱས་ཨིས་ར་ཨེལ་་མི་སེར་ཡུལ་ནས་ཕྱི་རོལ་དུ་ཡར་དྲངས་ཏེ། ལུང་སྟོན་པ་ཞིག་གི་སྒོ་ནས་སྐྱབས་མཛད། ༡༤ ཨེབ་ར་ཨིམ་གྱིས་དགོངས་པ་དྲག་ཏུ་དཀྲུག་པའི་ལས་བྱས་པས། ཁོའི་ཁྲག་དེ་རང་གི་ཐོག་ཏུ་ལུས་བཅུག་ནས། དེའི་གཙོ་བོས་དེ་རང་གི་སྨད་སྒྲ་དེ་ལ་སླར་ཟློག་པར་འགྱུར་རོ༎