༡༡
ཨིས་ར་ཨེལ་ཕྲུ་གུར་ཡོད་པའི་ཚེ། ངས་དེ་ལ་བྱམས་ཏེ། ཉིད་ཀྱི་སྲས་མི་སེར་ཡུལ་ནས་བོས། ༢ ཅི་ཙམ་དེ་ཚོས་དེ་དག་ལ་བོས་པ། དེ་ཙམ་དེ་ཚོ་ལས་ཕར་སོང་། བ་ཨ་ལིམ་ལ་མཆོད་པ་ཕུལ་ཏེ། བརྐོས་སྐུ་རྣམས་ལ་བདུག་སྤོས་བདུགས། ༣ ངས་ཨེབ་ར་ཨིམ་གྱི་ལག་པར་འཇུས་ནས། གོམ་རེ་བཞིན་འགྲུལ་དུ་བསླབས། འོན་ཀྱང་ངས་དེ་དག་གསོས་པ་དེ་དག་གིས་མ་ཤེས། ༤ མིའི་ཐག་པ་དང་བྱམས་པའི་སྒྲོག་རྣམས་ཀྱིས་ངས་དེ་དག་དྲངས། གཉའ་ལས་གཉའ་ཤིང་འཐེན་མཁན་རྣམས་ལྟར་ང་དེ་དག་ལ་ཡོད་པ་ཡིན་ཏེ། ངས་དེ་དག་གི་མདུན་དུ་ཁ་ཟས་བཞག་པ་ཡིན།༥ དེ་ནི་སླར་མི་སེར་ཡུལ་དུ་མི་ལོག་ཀྱང་། ང་ལོག་མི་འགྲོ་སྨྲས་པས། ཨ་སུར་པ་དེའི་རྒྱལ་པོར་འགྱུར་བར་འགྱུར། ༦ ཡང་དེའི་གྲོང་ཁྱེར་རྣམས་ན་རལ་གྲི་སྣང་ཞིང་། དེ་དག་གི་སྒོ་གཏན་རྣམས་བཅག་སྟེ། རང་གྲོས་དབང་གིས་དེ་དག་མིད་པར་འགྱུར་རོ། ༧ དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱིས་བླ་ན་མེད་པའི་ཕྱོགས་སུ་བོས་ཀྱང་། སུས་ཀྱང་ཁོང་དབུ་འཕང་བསྟོད་པ་ལ་མི་མགུ་བའི་སྟེང་དུའང་། ངའི་མི་བརྒྱུད་ང་ལ་ངོ་ལོག་ཏུ་གཉེར་རོ༎
༨ ཀྱེ་ཨེབ་ར་ཨིམ། ཇི་ལྟར་ངས་ཁྱོད་སྤོང་བར་ནུས། ཀྱེ་ཨིས་ར་ཨེལ། ཇི་ལྟར་ངས་ཁྱོད་གཞན་ལ་གཏད་པར་ནུས། ཇི་ལྟར་ངས་ཁྱོད་ཨད་མཱ་དང་འདྲ་བ་བྱས་ཏེ། ཚེ་བོ་ཨིམ་འདྲ་འཇོག་པར་བྱ། ངའི་སྙིང་ང་རང་གི་ནང་ན་འཁོར་ཞིང་། ངའི་ཤ་ཚ་བའི་བསམ་པ་རྣམས་མེ་ལྟར་འབར་རོ། ༩ རང་གི་ཁྲོ་གཏུམ་བཞིན་དུ་ངས་མི་སྤྱོད་པར། ཨིས་ར་ཨེལ་མེད་པར་བྱེད་དུ་ཕྱིར་ལོག་འོང་བར་མི་བྱའོ། དེ་ཅིའི་ཕྱིར་ཞེ་ན། ང་ནི་མི་ཞིག་མིན་ཏེ་དཀོན་མཆོག་ལགས། ཁྱོད་ཀྱི་དཀྱིལ་ན་དམ་པ་ཉིད་དེ་ང་ལགས་པས། ཁྲོས་ཤིང་འབྱོན་པར་མི་བྱ།
༡༠ དེ་དག་ཡ་ཧོ་ཝཱའི་རྗེས་སུ་འབྲང་བར་བྱ། ཁོང་གིས་སེང་གེ་ལྟར་སྒྲ་སྒྲོག་ཅིང་། ང་རོ་འདོན་པའི་ཚེ་ཕྲུ་གུ་རྣམས་ནུབ་ཕྱོགས་ལས་འདར་གྱིན་འོང་བར་བྱ། ༡༡ དེ་དག་མི་སེར་ནས་བྱ་བཞིན་དུ་དང་ཨ་སུར་ཡུལ་ནས་ཕུག་རོན་བཞིན་དུ་འདར་གྱིན་འོང་བ་དང་། ངས་དེ་དག་རང་གི་ཁང་པ་རྣམས་སུ་གཞག་གོ་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༢ ཨེབ་ར་ཨིམ་བརྫུན་དང་། ཨིས་ར་ཨེལ་གྱི་མི་བརྒྱུད་གཡོ་སྒྱུའི་ངང་ནས་ང་ལ་འཁོར། འོན་ཀྱང་ཡ་ཧུ་དཱ་ད་དུང་ཡང་དཀོན་མཆོག་དང་ལྷན་ཅིག་ཏུ་རྒྱལ་སྲིད་བྱེད་ཅིང་། དམ་པ་ཉིད་དེའི་བཀའ་ལས་མི་འགལ་ལོ༎