༡༠
ཨིས་ར་ཨེལ་ནི་འབྲས་བུ་མང་པོ་ཆགས་པའི་རྒུན་ཤིང་དང་འདྲ། དེ་ལ་འབྲས་བུ་མང་དུ་ཆགས་པ་བཞིན་དུ་དེས་མཆོད་ཁྲི་མང་དུ་བཞེངས། དེའི་ས་བཟང་བ་བཞིན་དུ་རྡོ་རིང་ལེགས་པོ་རྣམས་བཟོས། ༢ དེ་རྣམས་ཀྱི་སྙིང་འཆུས་པས། ད་ཉེས་པ་མངོན་པར་འགྱུར། དེ་དག་གི་མཆོད་ཁྲི་རྣམས་ཁོང་གིས་བརྟིབས་ནས། རྡོ་རིང་རྣམས་གཅག་གོ། ༣ དེ་ཅིའི་ཕྱིར་ཞེ་ན། ད་དེ་དག་གིས། ངེད་ཡ་ཧོ་ཝཱ་ལ་མ་འཇིགས་པས། ངེད་ལ་རྒྱལ་པོ་གང་ཡང་མེད་དེ། རྒྱལ་པོས་ཀྱང་ངེད་ལ་ཅི་བྱ་ཞེས་སྨྲ་བར་འགྱུར་རོ། ༤ དེ་དག་གིས་འཆོལ་གཏམ་སྨྲ་ཞིང་ཆད་དོན་བྱེད་དུས་རྫུན་གྱི་མནའ་སྐྱེལ་བས། ཞིང་གི་རོལ་གྱི་དུག་རྩྭ་ལྟར་བར་ཆད་སྐྱེའོ༎༥ བེད་ཨ་ཝེན་གྱི་བེའུ་རྣམས་ཀྱི་ཕྱིར་ས་མར་ཡཱ་པ་རྣམས་འཇིགས་ནས། དེའི་ཕྱིར་ཡུལ་མི་རྣམས་དང་དེ་ལ་དགའ་བའི་བླ་མ་རྣམས་ཀྱིས་མྱ་ངན་བྱེད་པར་འགྱུར། འོ་ན་དེའི་དཔལ་ཡལ་སོང་བའི་དོན་དུའོ། ༦ དེ་ནི་ཨ་སུར་ལ་ཁྱེར་ནས་རྒྱལ་པོ་ཡ་རེབ་ལ་སྐྱེས་སུ་འབུལ་བར་འགྱུར། ཨེབ་ར་ཨིམ་ངོ་ཚ་ཞིང་། ཨིས་ར་ཨེལ་རང་གི་གྲོས་ཀྱིས་ཁ་སྐྱེང་བར་འགྱུར། ༧ ས་མར་ཡཱ་ནི། དེའི་རྒྱལ་པོ་ནི་ཆུ་ཐོག་གི་ལྦུ་བ་ལྟར་བཞམ་པ་ཡིན། ༨ ཨིས་ར་ཨེལ་གྱི་ཉེས་ལྟུང་ཡིན་པའི་བེད་ཨ་ཝེན་གྱི་མཐོ་གླིང་རྣམས་བརྟིབས་ནས། དེའི་མཆོད་ཁྲི་རྣམས་ཀྱི་ཁར་ཚེར་མ་དང་ཟྭ་ཚོད་སྐྱེ་བར་འགྱུར། ཡང་དེ་དག་གི་རི་རྣམས་ལ་ངེད་ཅག་ཁོབ་ཅིག་དང་། རི་ཕྲན་རྣམས་ལ་ངེད་ཅག་གི་ཐོག་ཏུ་འགྲིལ་ཞིག་ཅེས་ཟེར་བར་འགྱུར།
༩ ཀྱེ་ཨིས་ར་ཨེལ། གི་བེ་ཨའི་ཉིན་མོ་རྣམས་ནས་ཚུན་དུ་ཁྱོད་ཉེས་པ་སྤྱད་དེ། གི་བེ་ཨའི་འཐབ་མོ་དེ་བདུད་ཕྲུག་རྣམས་ལ་མི་འཕོག་ཕྱིར་དེ་དག་དེར་བསྡད་དོ། ༡༠ ང་ནམ་འདོད་ན་དེ་དག་ཆད་པས་གཅད་དོ། དེ་དག་གི་སྡིག་པ་གཉིས་ངེས་པར་གྱུར་པའི་ཚེ། མི་བརྒྱུད་རྣམས་ཀྱིས་དེ་དག་ལ་རུབ་པར་འགྱུར་རོ། ༡༡ དེའང་ཨེབ་ར་ཨིམ་ནི་ཁྱུ་ཡིས་སྐོར་བར་དགའ་བའི་བ་གསར་སྐྱངས་པ་ཞིག་དང་འདྲ་ཡང་། ངས་དེའི་གཉའ་མཛེས་པའི་ཁར་བསྐར་ནས། ཨེབ་ར་ཨིམ་གྱི་ཁར་ཞོན་བཅུག་སྟེ། ཡ་ཧུ་དཱས་རྨོ་ཞིང་། ཡ་ཀོབ་ཀྱིས་གོང་བུ་རྣམས་གཅོག་པར་འགྱུར་རོ། ༡༢ ཁྱོད་རང་རྣམས་ཀྱི་དོན་དུ་དྲང་བ་ཉིད་ཀྱི་ས་བོན་ཐོབ་ཅིག་དང་། ཐུགས་བརྩེ་བ་བཞིན་དུ་རྔ་བར་འགྱུར། རང་གི་ས་ཡན་ལ་ཁྲུ་སློག་བྱོས་ཤིག ཅི་ལ་ཟེར་ན། ཁོང་བྱོན་ནས་ཁྱོད་ཅག་གི་སྟེང་དུ་དྲང་བ་ཉིད་ཀྱི་ཆར་པ་མ་འབེབས་པའི་བར་དུ། ཡ་ཧོ་ཝཱ་འཚོལ་དུས་ཡིན་ནོ༎
༡༣ ཁྱོད་ཚོས་ངན་པ་རྨོས་ནས་མི་ཚངས་པ་བརྔས་ཏེ། བརྫུན་གྱི་ལོ་ཐོག་ཟོས། དེ་ཅི་ལ་ཟེར་ན། ཁྱོད་རང་གི་ལམ་དང་རང་གི་དཔའ་བོའི་དཔུང་ལ་བློ་གཏད་བྱས་སོ། ༡༤ དེའི་ཕྱིར་ཁྱོད་ཚོ་མི་བརྒྱུད་ཀྱི་ནང་ན་ཟིང་ལངས་ནས། ཁྱོད་ཀྱི་རྫོང་ཐམས་ཅད་རྟིབ་པར་འགྱུར། ཇི་ལྟར་ཤལ་མན་གྱིས་འཐབ་མོའི་ཉིན་པར་བེད་ཨར་བེལ་བཤིག་སྟེ། ཨ་མ་རང་གི་ཕྲུ་གུ་རྣམས་དང་བཅས་སུ་སར་བརྡབས་ནས་དུམ་བུར་མ་གྱུར་པའི་བར་དུ་དེ་བཤིག་པ་བཞིན་དུ། ༡༥ བེད་ཨེལ་ན་ཁྱོད་རང་གི་ལས་ངན་དཔག་ཏུ་མེད་པའི་ཕྱིར་ཁྱོད་ལ་ཡང་བྱའོ། ཨིས་ར་ཨེལ་གྱི་རྒྱལ་པོ་སྔ་དྲོར་ཡོངས་སུ་མེད་པར་འགྱུར་རོ༎