རྒྱལ་པོ་བེལ་ཤ་ཙར་གྱིས་སྲིད་བྱེད་པའི་ལོ་གསུམ་པ་ལ་བདག འོ་ན་བདག་དཱ་ནི་ཨེལ་གྱིས་སྔོན་ལ་མཐོང་བའི་ཞལ་གཟིགས་བཞིན་ཡང་གཞན་ཞིག་མཐོང་བར་གྱུར་ཏོ།  དེའང་ཞལ་གཟིགས་ཀྱི་ནང་དུ་མཐོང་བར་གྱུར་པ་ནི། ངས་བལྟས་པའི་ཚེ་ན། ང་ཨེ་ལམ་ལྗོངས་ཀྱི་ཤུ་ཤན་གྱི་ཁབ་ན་ཡོད་པ་ལྟར་རིག་པར་གྱུར་ཏོ། ཡང་ངས་ཞལ་གཟིགས་སུ་མཐོང་བ་ལ། ང་ཨུ་ལཱ་ཨིའི་གཙང་འགྲམ་ན་ཡོད་དོ།  དེ་ནས་ངས་མིག་བཏེག་སྟེ་བལྟས་པ་དང་། ཀྱེ་ཧོ། གཙང་པོའི་མདུན་ན་རྭ་གཉིས་ཡོད་པའི་ལུག་ཐུག་ཅིག་ལྡང་ནས་འདུག རྭ་དེ་གཉིས་མཐོ་ཡང་། གཅིག་ལས་གཞན་དེ་མཐོ་བ་འདུག མཐོ་བ་དེ་གཞན་དེའི་རྗེས་ལ་བྱུང་།  ལུག་ཐུག་དེས་ནུབ་དང་བྱང་དང་ལྷོ་ཕྱོགས་སུ་རྭ་དབྱུགས་པ་དང་། སེམས་ཅན་གང་ཡང་དེའི་མདུན་དུ་ལྡང་མ་ཐུབ། ཡང་གང་གིས་ཀྱང་དེའི་ལག་ནས་སྐྱོབ་མ་ཐུབ་པས། དེས་རང་དགའ་བ་བཞིན་དུ་སྤྱད་དེ། ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར་ཏོ༎
 ཡང་ངས་སྒོམ་པ་ལས། ཀྱེ་ཧོ། ནུབ་ཕྱོགས་ནས་ར་ཕོ་ཞིག་ས་ལ་མ་རེག་བཞིན་སའི་ངོས་ཐམས་ཅད་དུ་འོངས་ཏེ། ར་ཕོ་དེའི་མིག་གཉིས་ཀྱི་མཚམས་ན་རྭ་ཁྱད་མཚར་ཞིག་འདུག  ཡང་ར་ཕོ་དེ་ནི། ངས་གཙང་འགྲམ་ན་ལྡང་ཡོད་པར་མཐོང་བའི་རྭ་གཉིས་དང་ལྡན་པའི་ལུག་ཐུག་གི་རྩར་ཕྱིན་ཏེ། རང་གི་སྟོབས་ཀྱིས་ངར་བཞིན་དེའི་རྩར་བརྒྱུགས་ནས།  ལུག་ཐུག་དང་ཉེ་བར་ཕྱིན་པ་ངས་མཐོང་། དེའི་ཐོག་ཏུ་ཁྲོ་བ་འབར་ནས། དེ་ལ་བརྡུངས་ནས། རྭ་གཉིས་ཀ་བཅག ལུག་ཐུག་གི་ནང་ན་དེ་ལ་རྒོལ་བའི་སྟོབས་མེད་པས། དེས་དེ་ས་ལ་བརྡབས་ནས་བརྫིས་ཏེ། དེའི་ལག་ནས་ལུག་ཐུག་དེ་སྒྲོལ་ཐུབ་པ་གང་ཡང་མེད་དོ།  དེའི་ཕྱིར་ར་ཕོ་དེ་རབ་ཏུ་དར་ནས་རྒྱས་པའི་ཚེ་ན། དེའི་རྭ་ཆེ་བ་དེ་ཆག་པ་དང་། དེའི་མལ་དུ་ནམ་མཁའི་རླུང་བཞི་པོ་ལ་བལྟས་ནས་རྭ་ཁྱད་མཚར་བཞི་བྱུང་།  ཡང་དེ་དག་གི་ནང་ནས་གཅིག་ལས་རྭ་ཆུང་བ་ཞིག་སྐྱེས་ནས། ལྷོ་དང་ཤར་དང་ཡིད་དུ་འོང་བའི་ཡུལ་ཕྱོགས་སུ་དཔག་མེད་དུ་རྒྱས་པར་གྱུར་ཏེ། ༡༠ གནམ་གྱི་དཔུང་ཚོགས་བར་དུའང་རྒྱས་ཏེ། དཔུང་ཚོགས་དང་སྐར་མ་ལས་ཁ་ཅིག་ས་ལ་བསྐྱུར་ནས་བརྫིས། ༡༡ དེས་མ་ཟད་དཔུང་ཚོགས་ཀྱི་གཙོ་བོ་ཙམ་དུའང་རང་མཐོ་བར་བྱས་ཏེ་དེ་ལས་རྒྱུན་མཆོད་ཕྲོགས་ནས། ཁོང་གི་གཙང་ཁང་གི་གནས་རློག་པར་བྱས་སོ། ༡༢ དེས་རྒྱུན་མཆོད་ལ་བལྟས་ནས་མཚམས་མེད་པ་བྱས་པའི་རྐྱེན་གྱིས་དཔུང་ཚོགས་དེའི་ལག་ཏུ་གཏད་པ་ཡིན། དེས་བདེན་པ་ཉིད་ས་ལ་འཕངས་ནས། རང་དགར་སྤྱོད་ཅིང་དོན་བསྒྲུབས་སོ༎
༡༣ དེ་ནས་ངས་མི་དམ་པ་ཞིག་གིས་གླེང་བ་ཐོས་ནས། གཞན་མི་དམ་པ་ཞིག་གིས་གསུང་གླེང་བའི་མི་དམ་པ་དེ་ལ། རྒྱུན་མཆོད་དང་། སྟོངས་བྱེད་ཀྱི་ལས་ངན་སྐོར་གྱི་ཞལ་གཟིགས། ཞེས་ན་དམ་པ་ལགས་པ་དང་དཔུང་ཚོགས་གཉིས་པོ་རྡོག་པས་བརྫི་རུ་གཏད་པ་དེ། དུས་གང་ཙམ་ལུས་འོང་ཞེས་དྲིས་པ་དང་། ༡༤ དེས་ང་ལ། ཉིན་ཞག་ཉི་སྟོང་སུམ་བརྒྱའི་བར་དུ་གཙང་ཁང་དེ་སླར་ཡང་གཙང་སྦྲ་བྱེད་པར་འགྱུར་རོ་ཞེས་གསུངས་སོ༎
༡༥ དེ་ནས་ཅི་བྱུང་ཞེས་ན། ང་དཱ་ནི་ཨེལ་རང་གིས་ཞལ་གཟིགས་དེ་མཐོང་ཟིན་པ་ཙམ་གྱིས་དེའི་དོན་ལ་བསྙེགས་པ་ལས། ཀྱེ་ཧོ། མིའི་དབྱིབས་འདྲ་བ་ཞིག་ངའི་མདུན་ན་ལྡང་ནས་འདུག ༡༦ ཡང་ངས་མིའི་སྐད་ཅིག་ཨུ་ལཱ་ཨིའི་མཚམས་ནས་འབོད་ཅིང་འདི་སྐད་དུ། ཀྱེ་གབ་རི་ཨེལ། མི་འདི་ལ་ཞལ་གཟིགས་དེའི་ངོ་འཕྲོད་དུ་ཆུག་ཅེས་པ་ཐོས་སོ། ༡༧ དེའང་དེ་ནི་ང་ལངས་པའི་གནས་དང་ཉེ་བར་འོངས་ཏེ། ཚུར་བྱོན་པའི་ཚེ་ང་འཇིགས་ནས་ཁ་འབུབ་ཏུ་གྱེལ་བྱུང་། དེས་ང་ལ། ཀྱེ་མིའི་བུ། ངོ་འཕྲོད་ཅིག དེ་ཅིའི་ཕྱིར་ཞེ་ན། ཞལ་གཟིགས་འདི་དུས་ཀྱི་མཐའ་མའི་ཕྱིར་ཡིན།
༡༨ དེས་ང་ལ་གླེང་བའི་དུས་ན་ང་ས་ལ་ཁ་འབུབ་ཏུ་གཉིད་ལྕི་བའི་ནང་ན་ཡོད་དེ། དེས་ང་ལ་རེག་སྟེ་ཀེར་བསླངས་སོ། ༡༩ ཡང་དེ་ན་རེ། ལྟོས་ཤིག ཐུགས་ཁྲོའི་དུས་ཀྱི་མཐའ་མར་ཅི་འབྱུང་བར་འགྱུར་བ་དེ་ངས་ཁྱེད་ལ་སྟོན་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཐག་བཅད་པའི་དུས་ལ་མཐའ་མ་འབབ་པར་འགྱུར་རོ། ༢༠ ཁྱེད་ཀྱིས་མཐོང་བའི་ལུག་ཐུག་རྭ་གཉིས་པོ་དེ་ནི་མ་དཱ་ཨི་དང་ཏ་ཟིག་གི་རྒྱལ་པོ་རྣམས་སོ། ༢༡ རལ་ཅན་གྱི་ར་ཕོ་དེ་ནི་ཧེལ་ལེན་གྱི་རྒྱལ་པོ་དང་། མིག་གཉིས་ཀྱི་མཚམས་ན་ཡོད་པའི་རྭ་ཆེན་པོ་དེ་ནི་དེའི་རྒྱལ་པོ་དང་པོ་དེའོ། ༢༢ དེའང་རྭ་དེ་ཆག་པའི་འོག་ཏུ་དེའི་མལ་དུ་གཞན་བཞི་ཐོན་པ་དེ་ནི། མི་རིགས་དེའི་ནང་ནས་འཐོན་པར་འགྱུར་པའི་རྒྱལ་ཁམས་བཞིའོ། འོན་ཀྱང་དེ་དག་གི་དབང་ཐང་དེ་དང་འདྲ་བ་ཡོད་པར་མི་འགྱུར་རོ། ༢༣ ཡང་རྒྱལ་སྲིད་དེ་རྣམས་རྫོགས་ཁར་མཚམས་མེད་སྤྱོད་པ་རྣམས་ཀྱི་ཚད་ཚང་བའི་དུས་སུ་རྒྱལ་པོ་ངོ་ནག་ལ་ངན་ཇུས་དང་ལྡན་པ་ཞིག་འཐོན་འོང་། ༢༤ དེ་ལ་ཤུགས་ཆེན་པོ་ཡོད་ཀྱང་། དེ་ནི་དེ་རང་གི་ཤུགས་ལས་མ་ཡིན་ནོ། ཡང་དེ་ཡ་མཚན་གྱི་ལུགས་ལ་འཇིག་པར་བྱེད་དེ། དོན་སྒྲུབ་ཅིང་རང་དགའ་བར་སྤྱོད་པར་འགྱུར། དེས་མཐུ་ལྡན་རྣམས་དང་། མི་སྡེ་དམ་པ་ཡང་འཇིག་པར་བྱའོ། ༢༥ དེའི་དཀུ་ལྟོའི་བསམ་པ་རྣམས་རང་གི་ལག་པར་ལེགས་པར་འགྲུབ་ཅིང་། སྙིང་ན་ང་རྒྱལ་ཆེན་པོ་བསྐྱེད་དེ། དུས་བདེའི་ནང་ཡོད་པ་མང་པོ་གསད་དེ། རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ལའང་རྒོལ་དུ་ལང་བར་འགྱུར་གྱིས། ལག་མ་དར་བར་དེ་ཆག་པར་འགྱུར་རོ། ༢༦ སྔ་དྲོ་དང་དགོངས་མོ་རྣམས་ཀྱི་ཞལ་གཟིགས་གོང་དུ་བཤད་པ་དེ་ནི་བདེན་ཡང་། ཁྱེད་ཀྱིས་ཞལ་གཟིགས་དེ་ཁོབ་ཅིག ཅི་ལ་ཞེ་ན། དེ་ལ་ད་དུང་ཞག་མང་པོ་ཡོད་དོ༎
༢༧ དེ་ནས་ང་དཱ་ནི་ཨེལ་བརྒྱལ་བར་གྱུར་ནས། ཞག་འགའ་ཞིག་ན་བར་གྱུར་ཏོ། དེའི་འོག་ཏུ་ང་ལངས་ནས་རྒྱལ་པོའི་ལས་དོན་བྱེད་པར་གཟས་ཏེ། ཞལ་གཟིགས་དེ་ལ་ཧ་ལས་ཀྱང་། སུས་ཀྱང་དེའི་ངོ་མ་ཕྲོད་དོ༎