༧
བཱ་བེལ་རྒྱལ་པོ་བེལ་ཤ་ཙར་གྱི་ལོ་ངོ་དང་པོར་དཱ་ནི་ཨེལ་གྱིས་རང་གི་མལ་ཁྲིའི་སྟེང་ན་རྨི་ལམ་ཞིག་དང་། མགོ་ནང་ཞལ་གཟིགས་རྣམས་མཐོང་བར་གྱུར་པ་དང་། རྨི་ལམ་དེ་ཡི་གེར་བྲིས་ཏེ། བྱ་བ་དེ་རྣམས་བསྡུས་ནས་བཤད་དོ། ༢ དཱ་ནི་ཨེལ་གྱིས་གཏམ་བྱས་ཏེ་སྨྲས་པ།མཚན་མོའི་ཞལ་གཟིགས་ནང་ངས་མཐོང་བ་ནི། ཀྱེ་ཧོ། ནམ་མཁའི་རླུང་བཞི་པོ་རྒྱ་མཚོ་ཆེན་པོའི་སྟེང་ན་བརྒྱུགས་ཏེ། ༣ རྒྱ་མཚོའི་ནང་ནས་གཅིག་ལ་གཅིག་མི་འདྲ་བའི་བྱོལ་སོང་ཆེན་པོ་བཞི་བྱུང་ངོ་། ༤ དང་པོ་དེ་སེང་གེ་དང་འདྲ་ལ། གླག་གི་འདབ་ཤོག་དང་ལྡན་ཏེ། དེའི་ཤོག་པ་ཕྱིས་ཏེ། ས་ལས་གྱེན་དུ་བསྒྲེང་ནས། མི་ལྟར་རྐང་པའི་ཁར་བསླངས་ནས། དེ་ལ་མིའི་སྙིང་མ་བྱིན་པའི་བར་དུ་ངས་བལྟས་སོ། ༥ ཡང་ཀྱེ་ཧོ། གཞན་བྱོལ་སོང་གཉིས་པ་དེ་ནི་དོམ་དང་འདྲ་སྟེ། དེ་ཕྱོགས་ཤིག་ཏུ་ཀེ་རེ་ལངས་ཏེ། དེའི་ཁ་ན་སོའི་བར་ན་རྩིབ་མ་གསུམ་འདུག དེ་ལ། ལོངས་ཤིག་དང་། ཤ་མོད་པོ་ཟོས་ཤིག་ཅེས་སྨྲས་བྱུང་། ༦ དེའི་འོག་ཏུ་ངས་བལྟས་པ་ལས། ཀྱེ་ཧོ། གཞན་བྱོལ་སོང་གཟིག་འདྲ་བ་ཞིག་བྱུང་། དེའི་ཤུལ་རྒྱབ་ཏུ་བྱའི་འདབ་ཤོག་བཞི་དང་། བྱོལ་སོང་དེ་ལ་མགོ་བཞི་ཡང་ཡོད། དེ་ལ་དབང་སྲིད་བྱིན་པར་གྱུར་ཏོ། ༧ དེའི་རྗེས་སུ་མཚན་མོའི་ཞལ་གཟིགས་རྣམས་ནང་ངས་མཐོང་བ་ནི། ཀྱེ་ཧོ། བྱོལ་སོང་བཞི་པ་དེ་ནི་མི་རུང་ཞིང་འཇིགས་སུ་རུང་བ་སྟོབས་ལྷག་པར་དུ་ཆེ་བ་ཞིག་སྟེ། དེ་ལ་ལྕགས་ཀྱི་སོ་ཆེན་པོ་རྣམས་ཡོད་དེ། དེས་མིད་ཅིང་དུམ་བུར་བཏུབ་ནས། ལྷག་མ་དེ་རྐང་པས་བརྫིས། སྔོན་དུ་ཡོད་པའི་བྱོལ་སོང་ཐམས་ཅད་དང་དེ་མི་འདྲ་ཞིང་། རྭ་བཅུ་འདུག ༨ ངས་རྭ་དེ་རྣམས་ལ་ཞིབ་པར་བལྟས་པ་དང་། ཀྱེ་ཧོ། དེ་དག་གི་དཀྱིལ་ནས་གཞན་རྭ་ཆུང་ངུ་ཞིག་སྐྱེས་ནས། དེའི་དོན་དུ་སྔ་མའི་རྭ་གསུམ་རྩ་བ་ནས་ཕྱུང་ངོ་། ཀྱི་ཧོ། རྭ་འདིའི་ནང་ན་མིའི་མིག་དང་འདྲ་བའི་མིག་རྣམས་དང་། ཁ་ཕོ་ཆེ་བའི་གཏམ་གླེང་བའི་ཁ་ཞིག་ཡོད་པ་ཡིན།
༩ ཁྲི་རྣམས་བརྒྱབས་ནས། གནའ་བོ་ལགས་པ་ཞིག་གདན་མ་ཆགས་པའི་བར་དུ་ངས་བལྟས་སོ། ཁོང་གི་ན་བཟའ་ནི་ཁ་བ་ལྟར་དཀར་བ། དབུའི་སྐྲ་ནི་བལ་ལེགས་པོ་འདྲ་བ། བཞུགས་ཁྲི་ནི་མེའི་མེ་ལྕེ་དང་། དེའི་འཁོར་ལོ་རྣམས་ནི་འབར་བའི་མེའོ། ༡༠ ཁོང་གི་སྤྱན་སྔ་ནས་མེའི་གཙང་པོ་ཞིག་ཐོན་ནས་འབྲུབ་བོ། ས་ཡ་ས་ཡས་ཁོང་ལ་རིམ་འགྲོ་བྱས། བྱེ་བ་བྱེ་བ་ཁོང་དྲུང་འགྲེང་ཞིང་བསྡད། ཁྲིམས་གཅོད་དུ་ཚུགས་ནས། དཔེ་ཆ་རྣམས་ཞལ་ཕྱེས་ནས་འདུག
༡༡ དེ་ནས་རྭ་བ་དེས་ང་རྒྱལ་ཆེན་པོའི་གཏམ་བྱེད་པའི་སྒྲའི་ཕྱིར་དུ་ངས་བལྟས་སོ། འོ་ན། བྱོལ་སོང་དེའི་སྲོག་མ་བཅད་པའི་བར་དུའང་བལྟས་པ་ལས། དེའི་ལུས་མེད་པར་བྱེད་དུ་མེ་འབར་བའི་ནང་དུ་དབྱུགས་སོ། ༡༢ བྱོལ་སོང་ལྷག་མ་རྣམས་ཀྱི་སྐོར་ནི། དེ་དག་ལས་རྒྱལ་སྲིད་ཕྲོག་པར་བྱས་ཀྱི། དུས་དང་དུས་ཚོད་ཅིག་གི་བར་དུ་དེ་དག་གི་ཚེ་སྲིང་བར་བྱས་སོ༎
༡༣ མཚན་མོའི་ཞལ་གཟིགས་རྣམས་ནང་ངས་མཐོང་བ་ནི། ཀྱེ་ཧོ། ནམ་མཁའི་སྤྲིན་དང་བཅས་སུ་མིའི་བུ་དང་འདྲ་བའི་སྐྱེས་བུ་ཞིག་བྱོན་ནས། གནའ་བོ་ལགས་པ་དེའི་དྲུང་དུ་གཤེགས་པ་ལས། དེ་དག་གིས་ཁོང་དེའི་སྤྱན་སྔར་གདན་དྲངས་སོ། ༡༤ མི་སྡེ་དང་། མི་རིགས་དང་། ལྕེ་ཐམས་ཅད་ཀྱིས་ཁོང་ལ་བསྙེན་བཀུར་བྱེད་པའི་དབང་སྲིད་དང་། དཔལ་དང་། རྒྱལ་སྲིད་ཅིག་བཏད་པར་བྱས་སོ། ཁོང་གི་དབང་སྲིད་ནི་མི་འདའ་པའི་མཐའ་མེད་པའི་དབང་སྲིད་དང་། འཇིག་རྒྱུ་མ་ཡིན་པ་དེ་ནི་ཁོང་གི་རྒྱལ་ཁམས་ལགས་སོ༎
༡༥ ང་དཱ་ནི་ཨེལ་གྱི་སེམས་ཉིད་རང་གི་ལུས་ཀྱི་ནང་ན་ཁོངས་སུ་ཚུད་ནས། རང་གི་མགོའི་ཞལ་གཟིགས་རྣམས་ཀྱིས་འཁྲུགས་སུ་བཅུག་པས། ༡༦ དེ་དག་གི་ནང་ནས་དྲུང་དུ་ལྡང་ཡོད་པ་ཅིག་གི་རྩར་སོང་ནས། དེ་ལ་བྱ་བ་འདི་ཐམས་ཅད་ཀྱི་དོན་དམ་ཇི་ལགས་ཤེས་དྲིས་པ་ལས། དེས་ང་ལ་བཤད་དེ། དེ་རྣམས་ཀྱི་དོན་དམ་བདག་ལ་མངོན་པར་བྱས་ཏེ། ༡༧ བྱོལ་སོང་ཆེན་པོ་བཞི་པོ་འདི་ནི། ས་ལས་འབྱུང་རྒྱུའི་རྒྱལ་པོ་བཞིའོ། ༡༨ འོན་ཀྱང་བླ་ན་མེད་པའི་མི་དམ་པ་རྣམས་ལ་རྒྱལ་སྲིད་བརྙེད་དེ། གཏན་དུ། འོ་ན། དུས་རྒྱུན་ནས་རྒྱུན་དུ་དེ་དག་གིས་རྒྱལ་སྲིད་དེ་བདག་པར་འགྱུར་རོ། ༡༩ དེ་ནས་ངས་གཞན་ཀུན་དང་མི་འདྲ་བའི་བྱོལ་སོང་བཞི་པ། རབ་ཏུ་མི་རུང་བ། ལྕགས་ཀྱི་སོ་དང་། ར་གན་གྱི་སེན་མོ་རྣམས་ཡོད་པ། མིད་ཅིང་དུམ་བུར་བཏུབ་ནས་ལྷག་མ་རྣམས་རྡོག་པས་བརྫིས་པ་དང་། ༢༠ མགོ་ལ་ཡོད་པའི་རྭ་བཅུ་པོ་དང་། གཞན་ཞིག་ཀྱང་སྐྱེས་ཏེ། དེའི་དོན་དུ་གསུམ་ལྷུང་བ་དང་། འོ་ན། མིག་ཀྱང་ཡོད་པའི་རྭ་ང་རྒྱལ་ཆེན་པོའི་གཏམ་བྱས་པའི་ཁ་ཞིག་ཡོད་པ། གྲོགས་པོ་རྣམས་ལས་ངོ་བོ་རྔམ་ཆེ་བ་ཡོད་པ་རྣམས་ཀྱི་དོན་དམ་ཤེས་པར་འདོད་དོ། ༢༡ ངས་བལྟས་པ་ལས། གནའ་བོ་ལགས་པ་དེ་བྱོན་ནས། བླ་ན་མེད་པས་རང་གི་མི་དམ་པ་རྣམས་ལ་རྒྱལ་ཁ་གནང་བའི་བར་དུ། ༢༢ རྭ་དེས་མི་དམ་པ་དག་ལ་འཐབ་ནས། དེ་དག་ལ་ཐུབ་པར་གྱུར་ཀྱང་། མི་དམ་པ་རྣམས་ཀྱིས་རྒྱལ་སྲིད་དབང་བའི་དུས་ལ་བབས་སོ༎
༢༣ དེས་འདི་སྐད་དུ། བྱོལ་སོང་བཞི་པ་དེ་ནི་ས་གཞིར་འབྱུང་རྒྱུའི་རྒྱལ་སྲིད་བཞི་པ་ཞིག་ཡིན། དེ་ནི་རྒྱལ་ཁམས་ཀུན་ལས་མི་འདྲ་བ་དང་། ས་གཞི་ཐམས་ཅད་མིད་ཅིང་རྫིས་ཏེ་དུམ་བུར་གཅག་པར་བྱའོ། ༢༤ རྭ་བཅུ་པོ་ནི་རྒྱལ་ཁམས་འདིའི་ནང་ནས་རྒྱལ་པོ་བཅུ་འབྱུང་བར་འགྱུར་རོ། དེ་དག་གི་རྗེས་སུ་གཞན་ཞིག་འཐོན་འོང་། དེ་ནི་སྔ་མ་དག་ལས་མི་འདྲ་བ་ཞིག་སྟེ། རྒྱལ་པོ་གསུམ་ལས་རྒྱལ་བར་འགྱུར། ༢༥ དེས་བླ་ན་མེད་པ་དང་མི་འཐུན་པའི་གཏམ་གླེང་ཞིང་། བླ་ན་མེད་པ་དེའི་མི་དམ་པ་རྣམས་ལ་འཚེ་བར་བྱའོ། དེས་དུས་དང་བཀའ་ཁྲིམས་རྣམས་སྒྱུར་དུ་དོན་གཉེར་བར་བྱ། ཡང་དེ་རྣམས་དུས་ཤིག་དང་། དུས་རྣམས་དང་། དུས་ཕྱེད་མ་འདས་པའི་བར་དུ་ཁོའི་ལག་ཏུ་གཏད་པར་འགྱུར་རོ། ༢༦ འོན་ཀྱང་ཞལ་ཆེ་བ་རྣམས་བཞུགས་ཤིང་། དེ་ནི་མཐའ་མའི་བར་དུ་སྟོངས་ཤིང་། མེད་པར་འགྱུར་བའི་ཕྱིར་དེའི་ལག་ནས་རྒྱལ་སྲིད་ལེན་པར་བྱའོ། ༢༧ ཡང་གནམ་ཧྲིལ་པོའི་འོག་ན་ཡོད་པའི་ཡུལ་ཁམས་ཀྱི་རྒྱལ་ཁམས་རྣམས་དང་། དབང་སྲིད་དང་། རྒྱལ་སྲིད་ཀྱི་དཔལ་དང་བཅས་པ་བླ་ན་མེད་པ་དེའི་མི་དམ་པ་རྣམས་ལ་གནང་བར་འགྱུར་ཏེ། ཁོང་གི་རྒྱལ་སྲིད་ནི་མཐའ་མེད་པའི་རྒྱལ་སྲིད་དང་། རྒྱལ་ཁམས་ཐམས་ཅད་ཀྱིས་ཁོང་གི་གཡོག་བྱེད་ཅིང་བཀའ་ལ་ཉན་པར་བྱའོ༎
༢༨ འདིར་བྱ་བ་དེ་རྫོགས་སོ། ང་དཱ་ནི་ཨེལ་རང་གི་བསམ་པས་ཀུན་ནས་དཀྲུགས་ཏེ། ངའི་ནང་ན་ངོ་བོ་གྱུར་རུང་། ངས་བྱ་བ་དེ་རང་གི་སྙིང་ན་བཞག་གོ།