༦
དར་ཡཱས་རྒྱལ་སྲིད་ཀྱི་ཡུལ་ཀུན་སྐྱོང་བའི་སྡེ་དཔོན་ཆིག་བརྒྱ་ཉི་ཤུ་སྐོ་བར་བཞེད་དེ། ༢ དེ་དག་གི་སྟེང་ན་སྤྱི་དཔོན་གསུམ་ཡོད་དེ། དེའི་ནང་ན་གཅིག་དཱ་ནི་ཨེལ་ཡིན་ཏེ། རྒྱལ་པོ་ལ་གུན་མི་འཕོག་པའི་དོན་དུ་སྡེ་དཔོན་རྣམས་ཀྱིས་དེ་དག་ལ་རྩིས་སྤྲོད་བྱེད་པའི་ཕྱིར་རོ། ༣ ཡང་དཱ་ནི་ཨེལ་དེའི་ནང་ན་སེམས་ཉིད་ཁྱད་པར་ཅན་ཞིག་ཡོད་པས། སྤྱི་དཔོན་དང་སྡེ་དཔོན་རྣམས་ཀྱི་གོང་དུ་གྱུར་ཏེ། རྒྱལ་པོས་རྒྱལ་ཁམས་ཐམས་ཅད་ཀྱི་དབང་དེ་ལ་སྟེར་རོ་ཞེས་སྙམ་དུ་བསམས་སོ༎༤ དེ་ནས་སྤྱི་དཔོན་དང་སྡེ་དཔོན་དེ་རྣམས་ཀྱིས་ལ་རྒྱའི་ནང་དུ་དཱ་ནི་ཨེལ་ལ་སྐྱོན་འགེལ་དུ་བསྙེགས་ཀྱང་། ཐབས་སམ་ནོངས་ཅིའང་ཐོབ་མ་ཐུབ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བློ་དྲང་ཞིང་། འཕྱུགས་པའམ་ཉེས་པ་ཅིའང་དེའི་ནང་ནས་མ་ཐོབ་བོ། ༥ དེ་ནས་མི་དེ་དག་གིས། དེའི་དཀོན་མཆོག་གི་བཀའ་ཁྲིམས་འབའ་ཞིག་གི་སྐོར་དུ་མ་གཏོགས་པར་གཞན་བྱ་བའི་ནང་དུ་དཱ་ནི་ཨེལ་འདིའི་ནང་ནས་ནོངས་ཐོབ་པར་མི་འགྱུར་རོ་ཞེས་སྨྲས་སོ༎
༦ དེའང་སྤྱི་དཔོན་དང་སྡེ་དཔོན་འདི་རྣམས་རྒྱལ་པོའི་དྲུང་དུ་འདུས་ཏེ། དེ་ལ་འདི་སྐད་དུ། ཀྱེ་རྒྱལ་པོ་དར་ཡཱ། སྐུ་ཚེ་བརྟན་པར་ཤོག ༧ ཉིན་ཞག་སུམ་ཅུའི་བར་དུ་སུས་ཀྱང་ཁྱེད་ཀྱེ་རྒྱལ་པོ་མ་གཏོགས་པར་ལྷ་དང་མི་སུ་ལའང་གསོལ་བ་བཏབ་པ་དེ་སེང་གེ་རྣམས་ཀྱི་དོང་དུ་བསྐྱུར་བའི་རྒྱལ་པོའི་ལུགས་ཀྱི་བཀའ་ཁྲིམས་དང་། བཀའ་བཙན་པོ་ཞིག་གཏན་ལ་འབེབས་པའི་ཕྱིར་དུ་རྒྱལ་སྲིད་ཀྱི་སྤྱི་དཔོན་དང་། བློན་པོ་དང་། སྐུ་དྲག་དང་། བཀའ་བློན་དང་། དམག་དཔོན་ཐམས་ཅད་ཐབས་གཅིག་ཏུ་གྲོས་བྱས་ནས་ཡོད་པ་ཡིན་ནོ། ༨ ད་ཀྱེ་རྒྱལ་པོ། བཀའ་དེ་གཏན་ལ་འབེབས་ལ། མ་དཱ་ཨི་པ་དང་ཏ་ཟིག་པའི་འགྱུར་ལྡོག་མེད་པའི་སྲོལ་བཞིན། འགྱུར་ལོག་མི་འོང་བའི་ཕྱིར་ཡི་གེ་དེའི་ཁར་ཕྱག་དམ་འདེབས་མཛོད་ཅེས་ཞུས་སོ། ༩ དེའི་ཕྱིར་རྒྱལ་པོ་དར་ཡཱས་ཡི་གེའམ་བཀའ་ཤོག་དེ་ལ་ཐེ་ཚེ་བརྒྱབས་སོ། ༡༠ དེའང་དཱ་ནི་ཨེལ་གྱིས་ཡི་གེ་དེ་ལ་ཐེ་ཚེ་བརྒྱབས་ཟིན་པ་བརྟགས་པའི་ཚེ། རང་ཁྱིམ་དུ་སོང་ནས། རང་གི་ནང་མིག་གི་དཀར་ཁུང་ཡེ་རུ་ཤ་ལེམ་གྱི་ཕྱོགས་སུ་ཕྱེས་ཡོད་དེ། སྔར་བགྱིས་པ་ནང་བཞིན་དུ་ཉིན་རེ་ལ་ལན་གསུམ་པུས་མོ་ས་ལ་བཙུགས་ནས། རང་གི་དཀོན་མཆོག་གི་སྤྱན་སྔར་སྨོན་ལམ་དང་། གཏང་རག་ཕུལ་ཏོ༎
༡༡ དེ་ནས་མི་དེ་དག་འཛོམས་ནས། དཱ་ནི་ཨེལ་རང་གི་དཀོན་མཆོག་གི་སྤྱན་སྔར་སྨོན་ལམ་བཏབ་ནས། གསོལ་བ་འདེབས་བཞིན་བརྙེད་པ་དང་། ༡༢ དེ་དག་རྒྱལ་པོའི་དྲུང་དུ་ཉེ་བར་འཁོར་ནས་རྒྱལ་པོའི་བཀའ་ཤོག་གི་སྐོར་གཏམ་བྱས་ཏེ། ཀྱེ་རྒྱལ་པོ། ཉིན་ཞག་སུམ་ཅུའི་བར་དུ་མི་སུས་ཀྱང་ཁྱེད་མ་གཏོགས་པར་ལྷའམ་མི་གང་ལའང་གསོལ་བ་བཏབ་པ་དེ་སེང་གེ་རྣམས་ཀྱི་དོང་དུ་བསྐྱུར་བའི་བཀའ་ཤོག་ལ་ཁྱེད་ཀྱིས་ཕྱག་དམ་མ་བརྒྱབས་སམ་ཞེས་ཞུས་པ་དང་། རྒྱལ་པོས་ལན་དུ། མ་དཱ་ཨི་པ་དང་ཏ་ཟིག་པའི་འགྱུར་ལྡོག་མེད་པའི་སྲོལ་བཞིན་དེ་ལ་ཆ་འཇོག་གོ་སྨྲས་སོ། ༡༣ དེ་ནས་དེ་དག་གིས་རྒྱལ་པོའི་མདུན་དུ་ལན་དུ། ཀྱེ་རྒྱལ་པོ། ཡ་ཧུ་དཱའི་བཙོན་པ་དག་གི་ནང་ནས་ཡིན་པའི་དཱ་ནི་ཨེལ་དེས་ཁྱེད་དང་། ཁྱེད་ཀྱིས་ཕྱག་དམ་བཏབ་པའི་བཀའ་ཤོག་ལ་མ་རྩི་བར། ཞག་རེ་བཞིན་ལན་གསུམ་སྨོན་ལམ་འདེབས་སོ་ཞེས་ཞུས་པ་དང་། ༡༤ རྒྱལ་པོས་ཚིག་དེ་ཐོས་པའི་ཚེ་རབ་ཏུ་མི་དགའ་བར་གྱུར་ཏེ། སྙིང་ནས་དཱ་ནི་ཨེལ་སྒྲོལ་དུ་འདོད་ནས། ཉི་མ་མ་ནུབ་པའི་བར་དུ་དེ་སྒྲོལ་དུ་བསྙེགས་སོ། ༡༥ དེར་མི་དེ་དག་རྒྱལ་པོའི་དྲུང་དུ་འདུས་ནས། རྒྱལ་པོ་ལ། ཀྱེ་རྒྱལ་པོ། མ་དཱ་ཨི་པ་དང་། ཏ་ཟིག་པ་རྣམས་ཀྱི་སྲོལ་བཞིན། རྒྱལ་པོས་གཏན་ལ་ཕབ་པའི་བཀའ་དང་བཀའ་ཁྲིམས་གང་ཡང་མི་འགྱུར་བ་ནི་མཁྱེན་པར་མཛོད་ཅིག་ཅེས་ཞུས་པ་ལས།
༡༦ རྒྱལ་པོས་བཀའ་སྩལ་པ་དང་། དེ་དག་གིས་དཱ་ནི་ཨེལ་དྲངས་ནས། སེང་གེ་རྣམས་ཀྱི་དོང་དུ་བསྐྱུར་པ་དང་། རྒྱལ་པོས་དཱ་ནི་ཨེལ་ལ་གཏམ་བྱས་ཏེ། ཁྱེད་ཀྱིས་རྒྱུན་དུ་བསྙེན་བཀུར་བྱེད་པའི་དཀོན་མཆོག་དེས་ཁྱོད་སྐྱོབ་པར་ཤོག་ཅིག་སྨྲས་ནས། ༡༧ རྡོ་ཞིག་བླངས་ནས་དོང་དེའི་ཁར་བཞག་སྟེ། དཱ་ནི་ཨེལ་གྱི་ཆེད་དུ་ཐག་ཆོད་པ་དེ་མི་འགྱུར་པའི་ཕྱིར། དེའི་ཁར་རྒྱལ་པོས་རང་དང་སྐུ་དྲག་རྣམས་ཀྱི་ཐེ་ཚེ་བརྒྱབས་སོ། ༡༨ དེ་ནས་རྒྱལ་པོ་རང་ཁབ་ཏུ་བཞུད་དེ། མཚན་ཐོག་ཐག་སྨྱུང་བར་གནས་ཏེ། དེའི་མདུན་དུ་དབྱངས་ཀྱི་ཆས་ཀྱང་མ་ཁྱེར། དེའི་གཉིད་ཀྱང་མེད་དུ་སོང་།
༡༩ དེ་ནས་རྒྱལ་པོ་སྔ་དྲོ་ཐོ་རངས་ཀྱི་དུས་སུ་ལངས་ཏེ། སྨྱུར་པོར་སིང་གེའི་དོང་གི་ཕྱོགས་སུ་སོང་ནས། ༢༠ སེང་གེའི་དོང་དུ་ཕྱིན་པ་དང་། སྨྲེ་སྔགས་འདོན་ཞིང་དཱ་ནི་ཨེལ་ལ་བོས་སོ། ཡང་རྒྱལ་པོས་དཱ་ནི་ཨེལ་ལ་གཏམ་བྱས་ཏེ། ཀྱེ་དཱ་ནི་ཨེལ། གསོན་པོའི་དཀོན་མཆོག་གི་བྲན་པོ། ཁྱོད་ཀྱིས་རྒྱུན་དུ་བསྙེན་བཀུར་བྱེད་པའི་དཀོན་མཆོག་དེ་ལ་ཁྱོད་སེང་གེ་རྣམས་ལས་སྒྲོལ་བའི་མཐུ་མངའ་འམ། ཞེས་སྨྲས་པ་དང་། ༢༡ དཱ་ནི་ཨེལ་གྱིས་རྒྱལ་པོ་ལ། ཀྱེ་རྒྱལ་པོ། སྐུ་ཚེ་བརྟན་པར་ཤོག ༢༢ ངའི་དཀོན་མཆོག་གིས་ཉིད་ཀྱི་ཕོ་ཉ་མངགས་ཤིང་། སེང་གེ་རྣམས་ཀྱི་ཁ་བཀག་པས་ང་ལ་མ་བཙེས། དེ་ཅིའི་ཕྱིར་ཞེ་ན། ཁོང་གི་ཞལ་ངོར་ངའི་ནང་ན་ནོངས་མ་བརྙེད་པའི་ཕྱིར་རོ། ཡང་ཀྱེ་རྒྱལ་པོ་ཁྱེད་ཀྱི་དྲུང་དུའང་ངས་ནོངས་མ་བྱས་སོ་ཞེས་ཞུས་སོ། ༢༣ དེ་ནས་རྒྱལ་པོ་རབ་ཏུ་ཡི་རངས་ཏེ། དཱ་ནི་ཨེལ་དོང་དེའི་ནང་ནས་འདོན་དུ་བཀའ་སྩལ་ཏོ། དེ་ལྟར་དཱ་ནི་ཨེལ་དོང་དེའི་ནང་ནས་བཏོན་ཏེ། དེས་རང་གི་དཀོན་མཆོག་ལ་བློ་གཏད་པའི་དབང་གིས་སྐྱོན་ཅིའང་མ་སོང་བ་བརྟགས་སོ། ༢༤ ཡང་རྒྱལ་པོས་བཀའ་སྩལ་ཏེ། དཱ་ནི་ཨེལ་ལ་རྩོད་པ་བཙུགས་པའི་མི་རྣམས་དྲངས་ནས། དེ་དག་དང་། དེ་དག་གི་ཕྲུ་གུ་རྣམས་དང་། ཆུང་མ་རྣམས་དང་བཅས་སུ་སེང་གེའི་དོང་དུ་དབྱུགས་པ་དང་། དེ་དག་ལ་སེང་གེ་རྣམས་རྒྱལ་བར་གྱུར་ཏེ། དོང་གི་མཐིལ་དུ་མ་བསླེབས་པའི་གོང་དུ་དེ་དག་གི་རུས་པ་ཐམས་ཅད་བཅག་གོ།
༢༥ དེ་ནས་རྒྱལ་པོ་དར་ཡཱས་སའི་ངོས་ན་གནས་པའི་མི་སྡེ་དང་། མི་རིགས་དང་། སྐད་རིགས་ཀུན་ལ་ཡི་གེ་བྲིས་པ་ནི། ཁྱོད་ཅག་ལ་ཞི་བདེ་རྒྱས་པར་གྱུར་ཅིག ༢༦ ངས་སྒོ་བའི་བཀའ་ནི། ངའི་རྒྱལ་ཁམས་ཀྱི་ལྗོངས་ཀུན་གྱི་མི་རྣམས་དཱ་ནི་ཨེལ་གྱི་དཀོན་མཆོག་གི་སྤྱན་སྔར་འདར་ཞིང་འཇིགས་པའི་རིགས་སོ། དེ་ཅིའི་ཕྱིར་ཞེ་ན། ཁོང་དཀོན་མཆོག་གསོན་པོ་རྒྱུན་བརྟན། ཁོང་གི་དབང་སྲིད་མི་འཇིག་ཅིང་། རྒྱལ་སྲིད་མཐའ་མའི་བར་དུ་གནས། ༢༧ ཁོང་ཉིད་ཀྱིས་སྒྲོལ་ཞིང་སྐྱོབ་བོ། ནམ་མཁའ་དང་ས་གཞིར་ཁོང་གིས། ལྟས་སྟོན་ངོ་མཚར་ཕྲིན་ལས་མཛད། ཁོང་ཉིད་ཀྱིས་སེང་གེ་རྣམས་ཀྱི་དབང་ལས་དཱ་ནི་ཨེལ་བསྒྲལ་ཏོ༎
༢༨ དེའང་དཱ་ནི་ཨེལ་འདི་ནི་དར་ཡཱའི་སྲིད་དང་། ཏ་ཟིག་པ་ཀོ་རེས་ཀྱི་དུས་སུ་བཀྲ་ཤིས་པར་གྱུར་ཏོ༎