༤༡
ཡང་དེས་ང་མཆོད་ཁང་དུ་ཁྲིད་ནས། དེའི་ཀ་བ་རྣམས་བཏབ་ནས། གཡས་གཡོན་གཉིས་པོར་གུར་མཆོག་གི་ཞེང་ཁྱད་ལྟར་ཞེང་ལ་ཁྲུ་དྲུག་དྲུག་ཡོད་པ་ཡིན།  སྒོ་དེའི་ཞེང་ཁྲུ་བཅུ་དང་། སྒོའི་མདུན་ཕྱོགས་ཀྱི་གཡས་གཡོན་གཉིས་པོར་ཁྲུ་ལྔ་ལྔ་ཡོད་པ་ཡིན། དེའི་རིང་ཁྱད་ནི་ཁྲུ་བཞི་བཅུ་དང་། ཞེང་དུ་ཁྲུ་ཉི་ཤུ་ཐོན་བྱུང་།
 དེ་ནས་ནང་དུ་བྱོན་ནས་སྒོའི་ཀ་བ་དེ་བཏབ་ནས་ཁྲུ་གཉིས་དང་། སྒོ་རང་ལ་ཁྲུ་དྲུག་དང་། སྒོའི་ཞེང་དུ་ཁྲུ་བདུན་ཐོན་བྱུང་།  ཡང་དེས་མཆོད་ཁང་གི་མདུན་ཕྱོགས་སུ། དེའི་རིང་དུ་ཁྲུ་ཉི་ཤུ་དང་། ཞེང་དུའང་ཁྲུ་ཉི་ཤུ་བཅལ་ནས། ང་ལ། འདི་ནི་གཙང་ཁང་རབ་ཏུ་དམ་པ་ཡིན་གསུང་བྱུང་།
 དེ་ནས་ཕོ་བྲང་གི་རྩིག་པ་བཏབ་ནས་ཁྲུ་དྲུག་དང་། ཕོ་བྲང་གི་ཀྱིར་འཁོར་གྱི་མཆན་རྩིག་གི་ནང་ཆུང་རྣམས་ཀྱི་ཞེང་ནི་ཁྲུ་བཞི་བཞི་ཡོད་པ་ཡིན།  ཡང་ཐོག་ཚད་གསུམ་བརྩིགས་ཡོད་པའི་ནང་ཆུང་སུམ་ཅུ་གྲལ་དུ་ཡོད་པ་ཡིན། ཡང་ཀྱིར་འཁོར་གྱི་ནང་ཆུང་དེ་རྣམས་ནི་ཕོ་བྲང་གི་རྩིག་པའི་ནང་དུ་ཞུགས་ནས་ཡོད་པ་ཡིན། དེ་ནི་བརྟན་པོ་བྱེད་དུ་ཡིན་ཀྱང་། ཕོ་བྲང་དང་རྩིག་སྦྲེལ་དུ་མེད་པ་ཡིན།  འཁོར་གྱི་ནང་ཆུང་རྣམས་མཐོ་ཚིར་གྱིས། ཞེང་ཇེ་ཆེར་སོང་ཡོད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཕོ་བྲང་གི་ཀྱིར་འཁོར་དུ་འཁོར་མཐོ་རུ་སོང་ཡོད་པ་ཡིན། དེའི་ཕྱིར་ཁྱིམ་གྱི་ཞེང་སྟེང་ཐོག་ན་ཞེང་ཁྱད་ཆེ་བ་ཡོད་པ་ཡིན། འོག་ཐོག་ལས་བར་ཐོག་དང་། དེ་ལས་སྟེང་ཐོག་ཆེ་བར་སོང་ཡོད་པ་ཡིན།
 ངས་ཕོ་བྲང་གི་ཕྱོགས་བཞིའི་སྟེགས་ཀྱང་མཐོང་བྱུང་སྟེ། འཁོར་གྱི་ནང་ཆུང་རྣམས་ཀྱི་རྩིག་རྨང་ནི་ཁྲུ་ཆེ་གྲས་དྲུག་གི་སྨྱུག་མ་གང་ཡོད་པ་ཡིན།  ནང་ཆུང་གི་ཕྱི་རྩིག་གི་ཞེང་དུ་ཁྲུ་ལྔ་དང་། ས་སྟོང་དུ་བཞག་ཡོད་པ་དེ་ཕོ་བྲང་གི་འཁོར་གྱི་ནང་ཆུང་རྣམས་ཀྱི་དབུས་སུ་ཡོད་པའི་ས་ཆའོ། ༡༠ ཡང་ནང་ཆུང་རྣམས་ཀྱི་བར་ན། ཕོ་བྲང་གི་ཕྱོགས་བཞིར་ཀྱིར་འཁོར་དུ་ཁྲུ་ཉི་ཤུའི་བར་གྱང་ནས་ཡོད་པ་ཡིན། ༡༡ ཡང་ནང་ཆུང་གི་སྒོ་མོ་རྣམས་ས་སྟོང་དེའི་ཕྱོགས་སུ་ཡོད་པ་ཡིན་ཏེ། བྱང་སྒོ་གཅིག་དང་། ལྷོ་སྒོ་གཅིག་ཡོད་པ་ཡིན། ས་སྟོང་དེའི་ཞེང་ཁྱད་ཕྱོགས་བཞི་པོར་ཁྲུ་ལྔ་ལྔ་ཡོད་པ་ཡིན།
༡༢ ཡང་བར་མཚམས་ཀྱི་མདུན་ཕྱོགས་ཀྱི་ནུབ་ན་ཡོད་པའི་ཁང་པ་དེའི་ཞེང་དུ་ཁྲུ་བདུན་ཅུ་དང་། ཁང་པ་དེའི་རྩིག་ཞེང་ཕྱོགས་བཞི་པོར་ཁྲུ་ལྔ་དང་། རིང་ཁྱད་དུ་ཁྲུ་དགུ་བཅུ་ཡོད་པ་ཡིན། ༡༣ དེ་ལྟར་ཕོ་བྲང་གི་རིང་དུ་དེའི་ཁྲུ་བརྒྱ་དང་། བར་མཚམས་ཀྱི་ས་ཆ་དང་། ཁང་པ་དེའི་མཐའ་གྱང་བཅས་ཁྲུ་བརྒྱ་ཐོན་བྱུང་། ༡༤ ཡང་ཕོ་བྲང་གི་གདོང་ཕྱོགས་དང་། ཤར་ལྟས་ཀྱི་བར་མཚམས་ཀྱི་ས་ཆ་བཅས་ཞེང་དུ་ཁྲུ་བརྒྱ་ཡོད་པ་ཡིན།
༡༥ ཡང་དེས་བར་མཚམས་ཀྱི་ས་ཆའི་མདུན་དུ་ཕོ་བྲང་གི་རྒྱབ་ཕྱོགས་དང་། དེའི་ཕྱོགས་ལ་ཡོད་པའི་རབ་གསལ་གྱི་གཡས་གཡོན་གཉིས་ནས། མཆོད་ཁང་ནང་མ་དང་ཡབས་ཀྱི་སྒོ་འབྱོར་དང་བཅས་ཁྲུ་བརྒྱ་བཅལ་ཏེ།
༡༦ སྒོའི་ཀ་བ་རྣམས་དང་། དཀར་ཁུང་དོག་པོ་རྣམས་དང་། སྒོའི་ཀ་བའི་མདུན་ཕྱོགས་སུ་ཐོག་ཚད་གསུམ་པོར་ཀྱིར་བསྐོར་ནས་སྤང་ལེབ་བཀབ་ཡོད་པའི་མཐའ་འཁོར་གྱི་རབ་གསལ་དང་། གཡས་གཡོན་གྱི་ནང་ཆུང་དང་། ས་ལས་དཀར་ཁུང་གི་བར་དུ་དང་། དཀར་ཁུང་ཡང་བཀབ་ཡོད་པ་ཡིན། ༡༧ སྒོ་ལྟག་གི་བར་དུ་དང་། ནང་ཕུགས་མའི་བར་དུ་དང་། དེའི་ཕྱི་རོལ་དང་། ཕྱོགས་བཞིའི་རྩིག་པ་ཐམས་ཅད་ཀྱི་བར་དུ་དང་། ཕོ་བྲང་གི་ཕྱི་ནང་ཚང་མ་ཐིག་ཚད་དང་བསྟུན་ནས་ཡོད་པ་ཡིན། ༡༨ ཡང་ཀེ་རུབ་རྣམས་དང་། ལྗོན་ཤིང་རྣམས་འདི་ལྟར་བཟོས་ཡོད་དེ། ཀེ་རུབ་དང་ཀེ་རུབ་ཀྱི་བར་ན་ལྗོན་ཤིང་རེ་ཡོད་པ་ཡིན། ཀེ་རུབ་རེ་ལ་ཞལ་གཉིས་ཡོད་པ་ཡིན། ༡༩ དེ་ལྟར་ཕྱོགས་གཅིག་ནས་ལྗོན་པའི་ཐད་ཀར་མི་གདོང་ཡོད་པ་ཡིན། ཕྱོགས་གཞན་ན་ལྗོན་པའི་ཐད་ཀར་སེང་དར་མའི་གདོང་ཡོད་པ་ཡིན། ཕོ་བྲང་གི་ཕྱོགས་བཞི་པོར་དེ་འདྲ་བཟོས་ཡོད་པ་ཡིན། ༢༠ ས་ལས་སྒོ་ལྟག་བར་དུ་དང་། མཆོད་ཁང་གི་རྩིག་པར་ཀེ་རུབ་དང་ལྗོན་ཤིང་བཟོས་ཡོད་པ་ཡིན། ༢༡ མཆོད་ཁང་གི་སྒོའི་ཀ་བ་རྣམས་གྲུ་བཞི་ཡོད་པ་ཡིན། དེ་དང་འདྲ་བར་གཙང་ཁང་གི་མདུན་ཕྱོགས་ཀྱང་ཡོད་པ་ཡིན། དེ་གཉིས་པོར་དབྱིབས་གཅིག་པ་ཡོད་པ་ཡིན། ༢༢ ཤིང་གི་མཆོད་ཁྲིའི་དཔངས་སུ་ཁྲུ་གསུམ་དང་། རིང་དུ་ཁྲུ་གཉིས་དང་། དེའི་གྲུ་རྣམས་དང་། སྟེགས་དང་། རྩིག་པ་རྣམས་ཤིང་ལས་བཟོས་ཡོད་པ་ཡིན། ཡང་དེས་ང་ལ། འདི་ནི་ཡ་ཧོ་ཝཱའི་ཞལ་སྔའི་གསོལ་ལྕོག་གོ་གསུང་བྱུང་།
༢༣ ཡང་མཆོད་ཁང་དང་གཙང་ཁང་གཉིས་པོར་སྒོ་གཉིས་ཡོད་པ་ཡིན། ༢༤ སྒོ་རྣམས་ལ་སྒོ་འཁོར་ནང་འཁོར་བའི་སྒོ་ཉི་སྦྲག་ཡོད་དེ། སྒོ་གཅིག་ལ་སྒོ་ཉི་སྦྲག་གཅིག་དང་། གཞན་གཅིག་གི་ཕྱིར་ཉི་སྦྲག་གཅིག་ཡོད་པ་ཡིན། ༢༥ ཡང་མཆོད་ཁང་གི་སྒོ་དེ་རྣམས་ཀྱི་ཁར། རྩིག་པའི་ཐོག་བཟོས་ཡོད་པ་ལྟར། ཀེ་རུབ་དང་ལྗོན་པ་བཟོས་ཡོད་པ་ཡིན། ཡང་ཕྱིའི་སྒོ་འབྱོར་གྱི་མདུན་ཕྱོགས་སུ་མདའ་བེར་འཐུག་པོ་ཡོད་པ་ཡིན། ༢༦ ཡང་སྒོ་འབྱོར་གྱི་གཡས་གཡོན་དང་། ཕོ་བྲང་གི་འཁོར་གྱི་ནང་ཆུང་རྣམས་དང་། མདའ་བེར་འཐུག་པོའི་ནང་གི་ཕྱོགས་གཉིས་པོར་དཀར་ཁུང་དོག་པོ་དང་། ལྗོན་ཤིང་ཡོད་པ་ཡིན་ནོ༎