༤༠
ངེད་རྣམས་གཉའ་ཡལ་བའི་ལོ་ཉེར་ལྔ་པའི། ལོ་དེའི་སྟོད་དུ་ཟླ་བའི་ཚེས་བཅུ་པའམ། རྒྱལ་ས་ཆག་པའི་ལོ་བཅུ་བཞི་པའི་ནང་དུ། ཞག་དེ་རང་ལ་ངའི་སྟེང་ན་ཡ་ཧོ་ཝཱའི་ཕྱག་ཡོད་དེ། ཁོང་གིས་ང་དེར་དྲངས་ནས།  དེས་དཀོན་མཆོག་གི་ཞལ་གཟིགས་རྣམས་ནང་བདག་ཨིས་ར་ཨེལ་ཡུལ་དུ་ཁྱེར་ཏེ། རི་ཤིན་ཏུ་མཐོན་པོ་ཞིག་གི་སྟེང་དུ་བཞག་པ་དང་། དེར་ལྷོ་ཕྱོགས་སུ་རྒྱལ་ས་ལྟ་བུའི་བཀོད་པ་ཞིག་ཡོད་པ་ཡིན།  དེས་ང་དེར་དྲངས་པ་དང་། ཀྱེ་ཧོ། དེ་ན་ར་གན་གྱི་མདོག་ལྟ་བུའི་མདངས་དང་ལྡན་པའི་མི་ཞིག་ཡོད་དེ། དེའི་ལག་པའི་ནང་ན་སོ་མ་ར་ཙའི་ཐིག་སྐུད་ཅིག་དང་། སྨྱུག་མའི་བཏབ་ཚད་ཅིག་ཐོགས་ཏེ་རྒྱུ་སྒོར་འགྲེང་ནས་ཡོད་པ་ཡིན།  ཡང་དེས་ང་ལ། ཀྱེ་མིའི་བུ། རང་གི་མིག་གིས་ལྟོས། རྣ་བས་ཉོན། ངས་ཁྱོད་ལ་བསྟན་བྱ་ཐམས་ཅད་ནང་རང་གི་སྙིང་འཇུག་ཅིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་ལ་འདི་དག་སྟོན་དུ་ངས་ཁྱོད་འདིར་དྲངས་པས་ན། ཁྱོད་ཀྱིས་མཐོང་ཚད་ཨིས་ར་ཨེལ་ཕ་སྤད་ལ་ཤོད་ཅིག ཅེས་བསྒོའོ༎
 ཀྱེ་ཧོ། ཕོ་བྲང་གི་མཐའ་འཁོར་དུ་ལྕགས་རི་ཞིག་འདུག མི་དེའི་ལག་པར་ཁྲུ་དྲུག་པའི་བཏབ་ཚད་ཅིག་འདུག དེའི་ཁྲུ་རེ་རེ་ནི་ཁྲུ་གང་དང་སོར་བཞི་བཞི་རིང་བ་ཡོད་པ་ཡིན། ཡང་མི་དེས་ཕོ་བྲང་གི་ཞེང་ཁྱད་བཏབ་ནས་སྨྱུག་མ་གང་དང་། མཐོ་ཁྱད་ཀྱང་སྨྱུག་མ་གང་ཐོན་བྱུང་།  དེ་ནས་ཤར་ལྟས་ཀྱི་རྒྱ་སྒོར་ཕྱིན་ནས། དེའི་སྐས་ཀར་འཛེགས་ནས། རྒྱ་སྒོའི་མ་ཐེམ་བཏབ་ནས། དེའི་ཞིང་སྨྱུག་མ་གང་ཡོད་པ་ཡིན། གཞན་མ་ཐེམ་གྱི་ཞེང་ཡང་སྨྱུག་མ་གང་ཡོད་པ་ཡིན།  ཡང་ནང་ཆུང་རེ་རེའི་ཞེང་རིང་གཉིས་པོར་སྨྱུག་མ་གང་ཡོད་པ་ཡིན། ཡང་ནང་ཆུང་གཅིག་དང་གཅིག་གི་བར་ནི་ཁྲུ་ལྔ་ལྔ་ཡོད་པ་ཡིན། ཡང་སྒོའི་སྒོ་འབྱོར་དང་ཉེ་བའི་སྒོའི་མ་ཐེམ་གྱི་ནང་ཐིག་ཏུ་སྨྱུག་མ་གང་ཡོད་པ་ཡིན།  དེས་རྒྱ་སྒོའི་སྒོ་ཁང་གི་ནང་ཕྱོགས་ཀྱང་བཏབ་ནས་སྨྱུག་མ་གང་བྱུང་།  ཡང་རྒྱ་སྒོའི་སྒོ་ཁང་ལ་ཁྲུ་བརྒྱད་བྱུང་། ཡང་དེའི་ཀ་བ་རྣམས་ཁྲུ་གཉིས་གཉིས་བྱུང་། ཡང་རྒྱ་སྒོའི་སྒོ་འབྱོར་དེ་ནང་ཕྱོགས་སུ་ཡོད་པ་ཡིན། ༡༠ ཡང་ཤར་གྱི་ནང་ཆུང་རྣམས། གཡས་སུ་གསུམ། གཡོན་དུ་གསུམ་ཡོད་དེ། དེ་གསུམ་པོའི་ཚད་གཅིག་པ་དང་། ཕྱོགས་ཕན་ཚུན་གྱི་ཀ་བ་རྣམས་ཀྱི་ཚད་ཀྱང་གཅིག་པ་ཡོད་པ་ཡིན། ༡༡ ཡང་དེ་རྒྱ་སྒོའི་ཞེང་བཏབ་ནས་ཁྲུ་བཅུ་དང་། རིང་ཁྱད་དུ་ཁྲུ་བཅུ་གསུམ་ཐོན་བྱུང་། ༡༢ ནང་ཆུང་རྣམས་ཀྱི་མདུན་དུ་ཕྱོགས་གཉིས་པོར་ས་སྟོང་ཁྲུ་རེ་རེ་ཡོད་དེ། ནང་ཆུང་རྣམས་ཕར་ཚུར་གཉིས་པོར་ཁྲུ་དྲུག་དྲུག་ཡོད་པ་ཡིན། ༡༣ དེ་ནས་སྒོ་ནས་སྒོའི་ཐད་ཀར། རྒྱ་སྒོའི་ནང་ཆུང་གི་ཐོག་ལས་གཞན་ཐོག་གི་འདན་དེའི་ཁྲུ་ཉེར་ལྔ་ཞེང་དུ་ཐོན་བྱུང་། ༡༤ ཡང་དེས་སྒོའི་མཐའ་འཁོར་གྱི་རྩིགས་པའི་བར་དུ་ཁྲུ་དྲུག་ཅུ་པའི་ཀ་བ་རྣམས་བཟོས། ༡༥ ཡང་ནང་དུ་འཇུག་པའི་སྒོའི་མདུན་ནས། རྒྱ་སྒོ་ནང་མའི་སྒོ་འབྱོར་གྱི་བར་དུ་ཁྲུ་ལྔ་བཅུ་ཡོད་པ་ཡིན། ༡༦ ནང་ཆུང་རྣམས་དང་། རྒྱ་སྒོའི་ནང་ཕྱོགས་དང་ཀ་བ་རྣམས་ཀྱི་ཀྱིར་འཁོར་དུ་དཀར་ཁུང་དོག་པ་རེ་ཡོད་པ་ཡིན། དེ་བཞིན་དུ་ཁྱམས་ཀྱི་ནང་ཕྱོགས་སུ་བལྟས་ནས་ཀྱིར་འཁོར་ནས་དཀར་ཁུང་དོག་པ་རྣམས་ཡོད་པ་ཡིན། ཡང་ཀ་བ་རེ་རེའི་ཁར་ཁ་ཟུར་ཤིང་བཅོལ་ནས་ཡོད་པ་ཡིན།
༡༧ དེ་ནས་དེས་ང་ཁྱམས་ཕྱི་མའི་ནང་དྲངས་པ་དང་། ཀྱེ་ཧོ། ནང་ཆུང་རྣམས་འདུག ཡང་ཁྱམས་ཀྱི་ཀྱིར་འཁོར་དུ་ཨར་ཞལ་བཏིང་ཡོད་དེ། ཨར་ཞལ་དེའི་ཐོག་ཏུ་ནང་ཆུང་སུམ་ཅུ་ཡོད་པ་ཡིན། ༡༨ ཡང་རྒྱ་སྒོ་རྣམས་ཀྱི་རིང་ཕྱོགས་སུ་ཨར་ཞལ་བཏིང་ཡོད་པ་དེ་ཨར་ཞལ་འོག་མའོ། ༡༩ ཡང་དེའི་ཞེང་ཁྱད་རྒྱ་སྒོ་འོག་མ་ནས་ཁྱམས་ནང་མའི་མདུན་དུ། ཤར་ཕྱོགས་དང་བྱང་ཕྱོགས་གཉིས་ཀྱི་ཕྱི་ཐིག་ལ་དེའི་ཁྲུ་བརྒྱ་ཕྲག་རེ་ཐོན་བྱུང་།
༢༠ ཡང་དེས་བྱང་བལྟས་ཀྱི་ཁྱམས་ཀྱི་རྒྱ་སྒོ་དེའི་ཞེང་རིང་གི་ཕྱི་ཐིག་ཀྱང་བཏབ་བྱུང་། ༢༡ ཡང་དེའི་ནང་ཆུང་རྣམས་ལས། གསུམ་གཡས་དང་། གསུམ་གཡོན་ན་ཡོད་པ་ཡིན། ཡང་དེའི་ཀ་བ་རྣམས་དང་ཡབས་ནི་རྒྱ་སྒོ་དང་པོའི་ཚད་དང་འདྲ་སྟེ། དེའི་རིང་ཁྱད་དུ་ཁྲུ་ལྔ་བཅུ་དང་། ཞེང་དུ་ཁྲུ་ཉེར་ལྔ་ཡོད་པ་ཡིན། ༢༢ ཡང་དེའི་དཀར་ཁུང་དང་ཡབས་དང་། ཁ་ཟུར་ཤིང་རྣམས་ནི་ཤར་བལྟས་ཀྱི་རྒྱ་སྒོའི་ཚད་དང་འདྲ་བ་ཡོད་པ་ཡིན། འཛེགས་སུ་སྐས་གདང་བདུན་ཡོད་པ་ཡིན། ཡང་ཡབས་རྣམས་དེ་དག་གི་མདུན་ཕྱོགས་སུ་ཡོད་པ་ཡིན། ༢༣ ཡང་ཡབས་ནང་མའི་རྒྱ་སྒོ་དེ་ཤར་དང་བྱང་གི་རྒྱ་སྒོའི་ཐད་ཡོད་པ་ཡིན། ཡང་དེས་རྒྱ་སྒོ་ནས་རྒྱ་སྒོའི་བར་དུ་བཏབ་ནས་ཁྲུ་བརྒྱ་ཐོན།
༢༤ དེའི་འོག་ཏུ་དེས་ང་ལྷོ་ཕྱོགས་སུ་ཁྱེར་བ་དང་། ཀྱེ་ཧོ། ལྷོར་རྒྱ་སྒོ་ཞིག་ཡོད་པ་དང་། དེས་དེའི་ཀ་བ་དང་ཡབས་རྣམས་ཀྱང་གོང་བཞིན་དུ་བཏབ། ༢༥ ཡང་དེ་དང་དེའི་ཡབས་རྣམས་ལ་དཀར་ཁུང་དེ་དག་བཞིན་དུ་ཀྱིར་འཁོར་ནས་དཀར་ཁུང་ཡོད་པ་ཡིན་ཏེ། རིང་ཁྱད་དུ་ཁྲུ་ལྔ་བཅུ་དང་། ཞེང་དུ་ཁྲུ་ཉེར་ལྔ་སྟེ། ༢༦ དེའི་ཁར་འཛེགས་རྒྱུར་སྐས་གདང་བདུན་ཡོད་པ་ཡིན། དེའི་ཡབས་རྣམས་དེ་དག་གི་མདུན་ཕྱོགས་སུ་ཡོད་པ་ཡིན། ཀ་བ་དེ་དག་གི་ཁར་ཁ་ཟུར་ཤིང་རེ། གཅིག་གཡས་སུ། གཅིག་གཡོན་དུ་ཡོད་པ་ཡིན། ༢༧ ཡང་ལྷོ་རུ་ཡབས་ནང་མའི་རྒྱ་སྒོ་ཡོད་པ་ཡིན། ཡང་དེས་ལྷོ་ཕྱོགས་སུ་རྒྱ་སྒོ་ནས་རྒྱ་སྒོའི་བར་དུ་ཁྲུ་བརྒྱ་བཅལ་ཏོ༎
༢༨ ཡང་དེས་བདག་ལྷོ་སྒོ་ནས་ཁྱམས་ནང་མར་ཁྲིད་ནས། གོང་གི་ཚད་བཞིན་དུ་ལྷོ་སྒོ་དང་། ༢༩ དེའི་ནང་ཆུང་དང་། ཀ་བ་དང་། ཡབས་རྣམས་བཅལ་ཏོ། ཡང་དེའི་ནང་དང་། ཡབས་ཀྱི་ནང་དུ་ཀྱིར་འཁོར་ནས་དཀར་ཁུང་ཡོད་པ་ཡིན། རིང་དུ་ཁྲུ་ལྔ་བཅུ་དང་། ཞེང་དུ་ཁྲུ་ཉེར་ལྔའོ། ༣༠ ཡང་ཀྱིར་འཁོར་དུ་ཡོད་པའི་ཡབས་རྣམས་ཀྱི་རིང་དུ་ཁྲུ་ཉེར་ལྔ་དང་། ཞེང་དུ་ཁྲུ་ལྔ་ཡོད་པ་ཡིན། ༣༡ ཡང་དེའི་ཡབས་རྣམས་ཕྱི་རོལ་གྱི་ཁྱམས་ལ་བལྟས་ནས་ཡོད་པ་ཡིན། དེའི་ཀ་བ་རྣམས་ཀྱི་ཁར་ཁ་ཟུར་ཤིང་ཡོད་དེ། ཡང་འཛེགས་སུ་སྐས་གདང་བརྒྱད་ཡོད་པ་ཡིན།
༣༢ ཡང་དེས་ང་ཤར་གྱི་ཁྱམས་ནང་མར་ཁྲིད་ནས། གོང་གི་བཏབ་ཚད་བཞིན་དུ་རྒྱ་སྒོ་དེ་བཏབ་བོ། ༣༣ ཡང་དེའི་ནང་ཆུང་དང་། ཀ་བ་དང་། ཡབས་རྣམས་གོང་ལྟར་ཡོད་དོ། ཡང་དེའི་ནང་དང་། ཡབས་རྣམས་ཀྱི་ཀྱིར་འཁོར་དུ་དཀར་ཁུང་ཡོད་དེ། དེའི་རིང་དུ་ཁྲུ་ལྔ་བཅུ་དང་། ཞེང་དུ་ཁྲུ་ཉེར་ལྔ་ཡོད་པ་ཡིན། ༣༤ ཡང་དེའི་ཡབས་རྣམས་ཁྱམས་ཕྱི་མ་ལ་བལྟས་ནས་ཡོད་དེ། ཀ་བ་རྣམས་ཀྱི་ཁར་གཡས་གཡོན་གཉིས་སུ་ཁ་ཟུར་ཤིང་ཡོད་པ་ཡིན། ཡང་འཛེགས་སུ་ཐེམ་སོ་བརྒྱད་ཡོད་པ་ཡིན།
༣༥ ཡང་དེས་ང་བྱང་སྒོར་ཁྲིད་ནས། གོང་གི་ཚད་བཞིན་དུ་དེ་དང་། དེའི་ནང་ཆུང་དང་། ཀ་བ་དང་། ཡབས་རྣམས་བཏབ་བོ། ༣༦ ཀྱིར་འཁོར་ནས་དཀར་ཁུང་ཡང་ཡོད་དེ། རིང་དུ་ཁྲུ་ལྔ་བཅུ་དང་། ཞེང་དུ་ཁྲུ་ཉེར་ལྔ་ཡོད་པ་ཡིན། ༣༧ ཡང་དེའི་ཀ་བ་རྣམས་ཁྱམས་ཕྱི་མར་བལྟས་ཡོད་དེ། ཡང་ཀ་བ་དེ་དག་གི་ཁར་གཡས་གཡོན་གཉིས་པོར་ཁ་ཟུར་ཤིང་ཡོད་པ་ཡིན། འཛེགས་སུ་ཐེམ་སོ་བརྒྱད་དོ། ༣༨ ཡང་ནང་ཆུང་དང་། དེའི་སྒོ་རྣམས་ནི། སྦྱིན་སྲེག་འཁྲུད་པའི་གནས་སུ་རྒྱ་སྒོའི་ཀ་བ་རྣམས་ཀྱི་མདུན་དུ་ཡོད་པ་ཡིན། ༣༩ ཡང་རྒྱ་སྒོའི་སྒོ་འབྱོར་ནང་གཡས་གཡོན་གཉིས་པོར་སྦྱིན་སྲེག་གི་མཆོད་པ་དང་། ཉེས་ལྟུང་གི་མཆོད་པ་དང་། འགལ་སྐྱོན་གྱི་མཆོད་བྱ་རྣམས་གསོད་པའི་ཕྱིར་ལྕོག་ཙེ་གཉིས་ཡོད་པ་ཡིན། ༤༠ ཡང་དེའི་ཕྱི་རོལ་ན་བྱང་སྒོར་འཇུག་པའི་ཕྲེད་ཀྱི་མདུན་ཕྱོགས་སུ་ལྕོག་ཙེ་གཉིས་དང་། རྒྱ་སྒོའི་སྒོ་འབྱོར་གྱི་ཕར་ཕྱོགས་སུ་ཡང་ལྕོག་ཙེ་གཉིས་ཡོད་པ་ཡིན། ༤༡ རྒྱ་སྒོའི་གཡས་གཡོན་གཉིས་པོར་ལྕོག་ཙེ་བཞི་བཞི་ཡོད་པ་ཡིན། ལྕོག་ཙེ་འདི་བརྒྱད་པོའི་ཁར་མཆོད་བྱའི་སེམས་ཅན་རྣམས་བསད་པ་ཡིན། ༤༢ ཡང་སྦྱིན་སྲེག་གི་མཆོད་པའི་ཕྱིར་རིང་དུ་ཁྲུ་ཕྱེད་དང་གཉིས་དང་། ཞེང་དུ་ཁྲུ་ཕྱེད་དང་གཉིས་དང་། དཔངས་ལ་ཁྲུ་གང་ཡོད་པའི་རྡོ་བཞོག་གི་ལྕོག་ཙེ་བཞི་ཡོད་དེ། དེ་དག་གི་ཁར་སྦྱིན་སྲེག་དང་མཆོད་བྱ་གསད་བྱའི་ལག་ཆ་རྣམས་ཀྱང་བཞག་པ་ཡིན། ༤༣ ཡང་དེའི་ཕྱོགས་བཞིར་སོར་བཞི་པའི་སྐྱོར་བ་ནང་ཕྱོགས་སུ་ཁ་རུབ་ནས་ཡོད་པ་ཡིན། ཡང་ལྕོག་ཙེ་དེ་དག་གི་ཁར་མཆོད་པའི་ཤ་བཞག་པ་ཡིན། ༤༤ ཡང་བྱང་སྒོའི་ཕྱོགས་སུ་ཡོད་པའི་རྒྱ་སྒོ་ནང་མའི་ཕྱི་རོལ་དུ་ཁྱམས་ནང་མར་གླུ་མཁན་ཚོའི་ནང་ཆུང་རྣམས་ཡོད་པ་ཡིན། ནང་ཆུང་དེ་དག་གི་གདོང་ལྷོར་ཡོད་པ་ཡིན། གཅིག་ཤར་སྒོར་ཡོད་དེ། དེའི་གདོང་བྱང་དུ་ཡོད་པ་ཡིན། ༤༥ ཡང་དེས་ང་ལ་གསུངས་པ། ལྷོར་གདོང་བསྟན་པའི་ནང་ཆུང་འདི་ནི་མཆོད་ཁང་གི་བླ་མ་གཉེར་པ་རྣམས་ཀྱི་ཕྱིར་ཡིན། ༤༦ བྱང་ལ་གདོང་བསྟན་པའི་ནང་ཆུང་ནི་མཆོད་ཁྲིའི་བླ་མ་གཉེར་པ་རྣམས་ཀྱི་ཕྱིར་ཡིན་ཏེ། དེ་དག་ནི་ལེ་ཝི་པའི་ཁྲོད་ལས་ཡ་ཧོ་ཝཱའི་སྤྱན་སྔར་བདག་རྐྱེན་བྱེད་དུ་འོང་ཆོག་པའི་ཙ་དོག་གི་བུ་རྣམས་སོ། ༤༧ ཡང་དེས་ཁྱམས་དེ་བཏབ་ནས་རིང་དུ་ཁྲུ་བརྒྱ་དང་། ཞེང་དུ་ཁྲུ་བརྒྱ་ཐམ་པ་བྱུང་། ཡང་མཆོད་ཁྲི་ནི་ཕོ་བྲང་གི་མདུན་ཕྱོགས་སུ་ཡོད་པ་ཡིན། ༤༨ ཡང་དེས་ང་ཕོ་བྲང་གི་སྒོ་འབྱོར་དུ་ཁྱེར་ནས། སྒོ་འབྱོར་གྱི་ཀ་བ་རེ་རེ་ཕྱོགས་གཉིས་པོ་ནས་བཏབ་ནས། ཁྲུ་ལྔ་ལྔ་བྱུང་། ཡང་སྒོའི་ཞེང་གཡས་ཕྱོགས་སུ་ཁྲུ་གསུམ་དང་། གཡོན་ཕྱོགས་སུ་ཁྲུ་གསུམ་ཡོད་པ་ཡིན། ༤༩ སྒོ་འབྱོར་གྱི་དཀྱུས་སུ་ཁྲུ་ཉི་ཤུ་དང་། ཞེང་དུ་ཁྲུ་བཅུ་གཅིག་ཡོད་པ་ཡིན། དེར་འཛེགས་འགྲོ་བའི་ཐེམ་སོ་བཅུ་ཡོད་པ་ཡིན། གཡས་གཡོན་གཉིས་པོར་ཆག་བར་རྣམས་ཀྱི་མདུན་དུ་ཀ་བ་རེ་རེ་ཡོད་པ་ཡིན་ནོ༎