༣༩
དེས་ན་ཀྱེ་མིའི་བུ། གོག་ལ་ལུང་སྟོན་ཞིང་། འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ལྟོས་ཤིག ཀྱེ་གོག རོས་དང་། མེ་ཤེག་དང་ཐུ་བལ་གསུམ་གྱི་ཇོ་བོ་ཁྱོད་ངས་དགྲར་འཛིན་པས།  ངས་ཁྱོད་བཟློགས་ཏེ་འཁྲིད་ཁྱེར་ཏེ། བྱང་རྒྱང་རིང་པོ་ནས་བཏོན་ཏེ། ཨིས་ར་ཨེལ་གྱི་རི་རྣམས་ཀྱི་ཁར་ཁྱེར་ཏེ།  ཁྱོད་ཀྱི་ལག་གཡོན་པ་ལ་རྡུང་ཞིང་། གཞུ་དེ་འགྲིལ་དུ་བཅུག་ནས་ལག་གཡས་ཀྱི་མདའ་རྣམས་འབྲུལ་དུ་གཞུག་གོ།  ཨིས་ར་ཨེལ་གྱི་རི་རྣམས་ཀྱི་ཁར་ཁྱོད་དང་། ཁྱོད་ཀྱི་དམག་ཚོགས་ཡོད་དོ་ཅོག་དང་། ཁྱོད་མཉམ་ཡོད་པའི་མི་སྡེ་རྣམས་དང་བཅས་ལྕར་རེ་འགྲོ་བར་འགྱུར། དེ་ནས་ངས་ཤ་ཟ་བའི་རིགས་སྣ་ཚོགས་དང་། སའི་གཅན་གཟན་གྱི་ཁ་ཟས་སུ་ཁྱོད་སྦྱིན་པར་བྱ།  ཁྱོད་ས་ཡངས་པོར་འགྱེལ་བར་འགྱུར། གང་ལ་ཞེ་ན། འདི་ནི་ངས་སྨྲས་པ་ཡིན། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་།  ཡང་མ་གོག་དང་། གླིང་ཕྲན་རྣམས་ནང་རྣམ་པར་གཡེངས་ནས་ཡོད་པའི་མིའི་ནང་དུ་ངས་མེ་ཞིག་མངག་པར་བྱ། དེ་ནས་དེ་དག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར།  འདི་ལྟར་ངས་ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་ནང་ངའི་མཚན་དམ་པ་དེ་མངོན་པར་བྱ། དེ་ནས་ཕྱིན་དུ་དེ་དག་ལ་ངའི་མཚན་དམ་པ་དེ་བརླགས་སུ་མི་གཞུག་གོ། དེ་ནས་ཕྱི་པ་རྣམས་ཀྱིས་ང་ནི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དམ་པ་ཉིད་དེ་ལགས་པ་རྟོགས་པར་འགྱུར་རོ།  ཀྱེ་ཧོ། དེ་འོང་ངོ་། གྲུབ་ཡང་ཟིན། ཡ་ཧོ་ཝཱ་གཙོ་བོས་གསུང་། འདི་ནི་ངས་གང་དོན་གསུངས་པའི་ཉིན་མོ་དེ་རང་ངོ་༎
 དེ་ནས་ཨིས་ར་ཨེལ་གྱི་གྲོང་ཁྱེར་རྣམས་ནང་གནས་པ་རྣམས་ཐོན་ཏེ། དམག་ཆས། ཕུབ། ཕ་ལི། གཞུ། མདའ། མདུང་དང་། མདུང་རིང་ཐམས་ཅད་མེ་ལ་འདེབས་ཤིང་། དེ་དག་ལོ་བདུན་མེ་ལ་འདེབས་པར་འགྱུར། ༡༠ དེ་ནས་དེ་དག་གིས་ཐང་ལས་ཤིང་མི་སྐྱ་ཞིང་། ནགས་ཚལ་ལས་ཀྱང་མི་གཅད། དེ་ཅི་ལ་ཟེར་ན། དེ་དག་གི་མཚོན་ཆ་ནི་བུད་ཤིང་དུ་འགྱུར་འོང་བའི་ཕྱིར་རོ། དེ་ནས་དེ་དག་བཅོམ་མཁན་རྣམས་འཇོམ་ཞིང་། དེ་དག་ལས་ཕྲོགས་མཁན་རྣམས་འཕྲོག་པར་འགྱུར་རོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
༡༡ ཉིན་དེར་འདི་འདྲ་འབྱུང་བར་འགྱུར། ངས་གོག་ལ་ཨིས་ར་ཨེལ་ནང་དུར་ཁུང་ཞིག་སྟར་བར་བྱ། གང་དུ་ཞེ་ན། རྒྱ་མཚོའི་ཤར་ཕྱོགས་སུ་འགྲུལ་བ་རྣམས་ཀྱི་ལུང་པའི་ནང་དུའོ། དེས་འགྲུལ་པ་རྣམས་ཀྱི་ལམ་འགེགས་པར་འགྱུར་ཏེ། དེར་གོག་དང་། དེའི་མི་ཚོགས་ཐམས་ཅད་སྐུང་བར་འགྱུར། གནས་དེའི་མིང་དུ་གོག་ཚོགས་ལུང་པ་གདགས་སོ། ༡༢ ས་ཆ་དེ་གཙང་བར་བྱེད་དུ། ཨིས་ར་ཨེལ་ཕ་སྤད་ལ་དེ་དག་སྐུང་བ་ལ་ཟླ་བ་བདུན་འགོར་བར་འགྱུར། ༡༣ དེ་དེ་བཞིན་ཏེ། ཡུལ་འདིའི་མི་ཀུན་གྱིས་དེ་རྣམས་འགེབས་པར་འགྱུར། ང་ལྷན་ནེར་འགྱུར་བའི་ཉིན་མོར་བྱ་བ་འདི་ནི་དེ་དག་གི་གྲགས་པར་འགྱུར་བར་འགྱུར་རོ། ཡ་ཧོ་ཝཱ་གཙོ་བོས་གསུང་། ༡༤ ཡང་དེ་དག་གིས་གཙང་སྦྲ་བྱེད་དུ་འགྲུལ་མི་རྣམས་དང་བཅས་ཡུལ་ནང་རྒྱུ་ཞིང་། སའི་ངོས་ལ་ལུས་པ་རྣམས་སྐུང་དུ། མི་འགའ་ཞིག་དུས་གཏན་གྱི་ཕྱིར་སྐོ་བར་འགྱུར། ཟླ་བ་བདུན་རྫོགས་མཚམས་སུ་དེ་དག་གིས་ཞིབ་དཔྱོད་བྱེད་པར་འགྱུར། ༡༥ མི་རྣམས་ཡུལ་ཁམས་ནང་འཁོར་ཞིང་། མི་རུས་ཤིག་མཐོང་བ་ཙམ་གྱིས། བསྐུང་མཁན་རྣམས་ཀྱིས་དེ་ནི་གོག་ཚོགས་ལུང་པའི་ནང་དུ་མ་འགེབས་བར་དུ། དེའི་མདུན་དུ་ཐོ་ཞིག་སློང་བར་འགྱུར། ༡༦ གྲོང་ཁྱེར་ཞིག་གི་མིང་ལའང་ཧ་མོ་ནཱ་ཐོགས་པར་འགྱུར། འདི་ལྟར་དེ་དག་གི་ཡུལ་ཁམས་གཙང་བར་བྱེད་པར་འགྱུར་རོ༎
༡༧ ཀྱེ་མིའི་བུ། ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཁྱོད་ཀྱིས་བྱ་ཤོག་པ་ཐོགས་ཚད་དང་། ཐང་གི་གཅན་གཟན་ཚང་མར་འདི་སྐད་སྒོ་ཞིག འདུས་ཤིག ཚུར་ཤོག ཁྱོད་ཚོས་ཤ་ཟ་བ་དང་ཁྲག་འཐུང་བའི་ཕྱིར། ཨིས་ར་ཨེལ་གྱི་རི་རྣམས་ནང་ངས་ཁྱོད་ཚོའི་དོན་དུ་གསོད་པའི་མཆོད་པ་ཆེན་པོའམ། ངའི་མཆོད་པའི་ཕྱིར་དུ་ཕྱོགས་ཀུན་ནས་ཚོགས་ཤིག ༡༨ ཁྱོད་ཚོས་མི་དཔའ་བོ་རྣམས་ཀྱི་ཤ་ཟ་ཞིང་། སའི་ཇོ་བོ་རྣམས་སམ། ཐམས་ཅད་བཱ་ཤན་ནང་བསོས་པའི་ལུག་ཐུག་དང་། ལུ་གུ་དང་། ར་སྐྱེས་དང་། གླང་རྣམས་ཀྱི་ཁྲག་འཐུང་བར་འགྱུར། ༡༩ ངས་ཁྱོད་ཅག་གི་དོན་དུ་བསད་པའི་ངའི་མཆོད་པ་ལས་ཁྱོད་ཅག་གིས་ཚིལ་འགྲང་འགྲང་ཟ་ཞིང་། ཁྲག་གཟི་གཟི་འཐུང་བར་འགྱུར། ༢༠ དེ་ལྟར་ཁྱོད་ཅག་ངའི་ལྕོག་ཙེའི་ཁར་རྟ་དང་། ཤིང་རྟ་དང་། མི་དཔའ་བོ་དང་། དམག་གི་སྐྱེ་བོ་ཚང་མས་འགྲང་བར་འགྱུར་རོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
༢༡ ཡང་ངས་ཕྱི་པའི་ནང་དུ་ཉིད་ཀྱི་དཔལ་བཞག་སྟེ། ཕྱི་པ་ཀུན་གྱིས་ངས་བཅད་པའི་ཞལ་ཆེ་དང་། དེ་ཚོར་བརྒྱབ་པའི་ཕྱག་དེ་མཐོང་བར་འགྱུར། ༢༢ དེ་ལུགས་སུ་ཨིས་ར་ཨེལ་ཕ་སྤད་ཀྱིས་ཞག་དེ་ཚུན་ཆད་དུ། ང་ནི་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་ལགས་པ་རྟོགས་པར་འགྱུར། ༢༣ དེ་ནས་ཕྱི་པ་རྣམས་ཀྱིས་ཀྱང་ཨིས་ར་ཨེལ་ཕ་སྤད་ཀྱིས་མི་དགེ་བ་སྤྱད་པའི་དབང་གིས་གཉའ་ཡལ་བ་ཡིན་རྟོགས་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེ་ཚོས་ང་ལ་ངོ་ལོག་བྱས་པས། ངས་དེ་དག་ལས་ཉིད་ཀྱི་གདོང་སྦས་ནས། དེ་དག་གི་དགྲའི་ལག་པར་བཏད་པ་དང་། དེ་ཐམས་ཅད་རལ་གྲིས་བརྡབ་བྱུང་། ༢༤ དེ་དག་གི་མི་གཙང་བ་དང་། མཚམས་མེད་པའི་བྱ་བ་དང་བསྟུན་ནས་ངས་དེ་ཚོར་བྱས་ཏེ། དེ་དག་ལས་ངའི་ཞལ་སྦས་པ་ཡིན།
༢༥ དེ་བས་ན་ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ད་ངས་ཡ་ཀོབ་ཀྱི་གཉའ་ཡལ་བ་རྣམས་སླར་དྲངས་ཏེ། ཨིས་ར་ཨེལ་ཕ་སྤད་ཚང་མ་ལ་ཐུགས་བརྩེ་ཞིང་། ཉིད་ཀྱི་མཚན་དམ་པའི་ཕྱིར་འཁྲེན་སེམས་སྐྱེད་པར་བྱ། ༢༦ དེའི་འོག་ཏུ་དེ་དག་གིས་རང་གི་ངོ་ཚ་དང་། ང་ལ་ངོ་ལོག་བྱས་པའི་མི་དགེ་བ་རྣམས་རང་ཡུལ་ནང་དཀྲོག་མཁན་གང་ཡང་མེད་པར། བདེ་བར་ཡོད་དུས་ཐོགས་པར་འགྱུར། ༢༧ ངས་འདི་རྣམས་མི་སྡེ་སོ་སོའི་ནང་ནས་དྲངས་ཏེ། དེ་དག་གི་དགྲའི་ཡུལ་རྣམས་ཀྱི་ནང་ནས་བསྡུས་ཏེ། མི་རིགས་དུ་མའི་མཐོང་ངོར་བདག་ཉིད་དེ་དག་གི་ནང་དུ་དམ་པར་བྱ། ༢༨ དེ་ནས་དེ་དག་ཕྱི་པའི་ཁྲོད་དུ་གཉའ་ཡལ་དུ་ཁྱེར་བཅུག་པ་དང་། སླར་དེར་གཅིག་ཀྱང་མ་བཞག་པར་དེ་དག་རང་ཡུལ་དུ་ཁྲིད་པའི་ངང་ནས། ང་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་ལགས་པ་རྟོགས་པར་བྱ། ༢༩ ངའི་ཐུགས་ཉིད་ཨིས་ར་ཨེལ་ཕ་སྤད་ཀྱི་ཁོག་པའི་ནང་བླུག་པར་བྱ་བས། དེ་ཚུན་ཆད་དུ་ཉིད་ཀྱི་ཞལ་དེ་དག་ལས་སྦ་བར་མི་བྱའོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎