༣༨
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ།  ཀྱེ་མིའི་བུ། རོས་དང་། མེ་ཤེག་དང་། ཐུ་བལ་གྱི་རྗེ་དཔོན་ཡིན་པའི་མ་གོག་ཡུལ་གྱི་གོག་གི་ཕྱོགས་སུ་རང་གི་གདོང་སྒྱུར་ལ། དེ་སྐོར་དུ་ལུང་སྟོན་ཞིང་།  འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ལྟོས་ཤིག ཀྱེ་གོག རོས་དང་མེ་ཤེག་དང་ཐུ་བལ་གྱི་རྗེ་དཔོན་ཁྱོད་ནི་ངས་དགྲར་འཛིན་པས།  ངས་ཁྱོད་བཟློགས་ཏེ། ཁྱོད་ཀྱི་འགྲམ་པ་རྣམས་ནང་ལྕགས་ཀྱུ་རྒྱུས་ནས། ཁྱོད་རང་དང་། ཐམས་ཅད་དམག་ཆས་སྤྲས་པའི་ཁྱོད་ཀྱི་དམག་དཔུང་དང་། རྟ་དང་། རྟ་པ་ཐམས་ཅད་ཕུབ་དང་ཕ་ལི་ཐོགས་ཤིང་རལ་གྲི་འཁུར་བའི་དཔུང་ཆེན་པོ་དང་བཅས་ཁྱོད་འདྲུད་འཁྱེར་བར་བྱ།  དེ་དག་དང་བཅས་སུ་ཐམས་ཅད་ཀྱིས་ཕུབ་ཐོགས་ཤིང་རྨོག་གྱོན་པའི་ཏ་ཟིག་དང་། ཀུས་དང་། ཕུད་དང་།  གོ་མེར་དང་། དེའི་དཔུང་ཐམས་ཅད་དང་། བྱང་རྒྱང་རིང་གི་ཐོ་གར་མཱ་དང་། དེའི་དཔུང་ཚོགས་ཚང་མ་དང་། ཁྱོད་དང་འགྲོགས་པའི་མི་སྡེ་དུ་མ་ཐམས་ཅད་ཀྱང་།  ད་སྟ་གོན་གྱིས་ཤིག ཁྱོད་དང་ཁྱོད་ཀྱི་དམག་དཔུང་ཚང་མ་དང་། ཁྱོད་དྲུང་ཚོགས་པས་སྟ་གོན་གྱིས་ཤིག ཁྱོད་ཀྱིས་དེ་དག་གི་མགོ་འདྲེན་བྱོས་ཤིག  ཡང་ཞག་མང་པོའི་འོག་ཏུ་ཁྱོད་ལ་ཞིབ་དཔྱོད་བྱེད་པར་འགྱུར་ཏེ། ལོ་མང་པོའི་འོག་ཏུ་རལ་གྲི་ལས་སྐྱོབས་པའི་ཡུལ་དེའི་ནང་དུ་ཁྱོད་སླེབ་པར་འགྱུར། གང་དུ་ཞེ་ན། མི་སྡེ་སོ་སོའི་ནང་ནས་བསྡུས་ཤིང་། ནམ་ནས་སྟོངས་ཡོད་པའི་ཨིས་ར་ཨེལ་གྱི་རི་རྣམས་ཁར། ཡུལ་སོ་སོ་ལ་བཏོན་ཁྱེར་ཏེ། ཐམས་ཅད་ཉེ་ཞོ་མེད་པར་དེར་གནས་པའི་ཡུལ་དུའོ།  ཁྱོད་ཀྱིས་རླུང་དམར་ལྟར་དམག་འདེགས་ཤིང་། ཁྱོད་ཀྱི་དམག་ཚོགས་དང་མི་སྡེ་དུ་མ་ཁྱོད་མཉམ་ཡོད་པས། སྤྲིན་ལྟར་ས་གཞི་འགེབས་ནས་འོང་བར་བྱ།
༡༠ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། དུས་དེ་རང་དུ་ཁྱོད་ཀྱི་ཡིད་ནང་བསམ་པ་སོ་སོ་ཞུགས་ནས། བསམ་སྦྱོར་ངན་པ་རྩོམ་ཞིང་། ༡༡ ངས་ལྕགས་རི་དང་སྒོ་གཏན་དང་རྒྱ་སྒོ་ཡང་མེད་ཅིང་། ཐམས་ཅད་ཉེ་ཞོ་མེད་པར་གནས་པའི་ཡུལ་གྲུ་རྣམས་ལ་དམག་འདེགས་ཤིང་འཐབ་པར་བྱའོ་སྨྲ་བར་འགྱུར། ༡༢ དེ་ནི་ཁྱོད་ཀྱིས་འཕྲོག་པ་དང་། བཅོམ་ནོར་བླང་དུ། ཡུལ་སྟོང་དུ་ད་ལྟ་ཚུགས་ཡོད་པ་རྣམས་དང་། མི་རིགས་སོ་སོའི་ནང་ནས་བསྡུས་པའི་མི་སྡེ་དུད་འགྲོ་དང་ནོར་རྫས་བྱོར་ནས། སའི་ལྟེ་བར་གནས་པའི་ཐོག་ཏུ་ཁྱོད་ཀྱིས་ལག་རྒྱབ་གཏོང་བའི་ཕྱིར་ཡིན་ནོ། ༡༣ ཤེ་བཱ་དང་དེ་དཱན་དང་། ཐར་ཤིས་པའི་ཚོང་པ་རྣམས་ཀྱིས་རང་གི་སེང་གེ་དར་མ་རྣམས་དང་བཅས་ཁྱོད་ལ། ཁྱོད་འཇོམ་དུ་འོང་ངམ། འཕྲོག་བཅོམ་གཏོང་དུ་རང་གི་དཔུང་བསྡུས་པ་ཡིན་ནམ། གསེར་དངུལ་འཁྱེར་བ་དང་། དུད་འགྲོ་དང་ནོར་རྫས་འཁྱེར་ཞིང་། བཅོམ་ནོར་ཆེན་པོ་ཞིག་འཁྱེར་དུ་ཁྱོད་འོང་ངམ། ཞེས་འདྲི་བར་འགྱུར་རོ༎
༡༤ དེ་བས་ན་ཀྱེ་མིའི་བུ། ལུང་སྟོན་ཞིང་། གོག་ལ་འདི་སྐད་གྱིས་ཤིས། ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ངའི་མི་སྡེ་ཨིས་ར་ཨེལ་ཉེ་ཞོ་མེད་པར་གནས་དུས་སུ་ཁྱོད་ལ་དེའི་རྒྱུས་རྙེད་པར་མི་འགྱུར་རམ། ༡༥ བྱང་ཡུལ་རྒྱང་རིང་པོ་ནས་ཁྱོད་རང་གི་ས་ཆ་ནས། ཁྱོད་དང་། ཐམས་ཅད་རྟར་ཞོན་པའི་མི་སྡེ་དུ་མ་དང་ལྷན་ཅིག་ཏུ་དཔུང་ཚོགས་ཆེན་པོ་ཞིག་དང་། དམག་དཔུང་གཡོར་ཆེ་བ་ཞིག་འཐོན་ཞིང་། ༡༦ ངའི་མི་སྡེ་ཨིས་ར་ཨེལ་ལ་རྒོལ་དུ་འོང་ཞིང་། སྤྲིན་ཕུང་ལྟར་ས་གཞི་དགབ། འདི་འདྲ་མ་འོངས་པའི་དུས་སུ་འབྱུང་བར་འགྱུར། ཀྱེ་གོག ཕྱི་པ་རྣམས་ཀྱི་མཐོང་སར། ངས་རང་ཉིད་ཁྱོད་ནང་དམ་པར་བྱེད་པའི་ཚེ་ན། ཕྱི་པས་ང་སུ་ཡིན་རྟོགས་པར་གྱུར་བའི་ཕྱིར། ངའི་ཡུལ་ལ་འཐབ་ཏུ་ངས་ཁྱོད་འདྲེན་པར་བྱའོ༎
༡༧ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ངས་སྔོན་འདས་པའི་དུས་སུ་ཉིད་ཀྱི་བྲན་པོ་ཨིས་ར་ཨེལ་གྱི་ལུང་སྟོན་པ་རྣམས་རྒྱུད་ནས་གསུངས་པའི་མི་དེ་ཁྱོད་རང་མིན་ནམ། དེ་དག་གིས་ལོ་མང་འདས་པའི་ཞག་རྣམས་ནང་། ངས་ཁྱོད་དེ་དག་གི་དགྲར་འདྲེན་པའི་ལུང་བསྟན་པ་ཡིན། ༡༨ དེ་ནས་ཉིན་མོ་དེར། ཨིས་ར་ཨེལ་ཡུལ་ལ་གོག་གིས་དཔུང་འཇུག་པའི་དུས། ངའི་ཁོང་ཁྲོ་ནི་ངའི་ཤངས་ནང་ལུད་འོང་བར་འགྱུར་རོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་། ༡༩ དེ་ཅིའི་ཕྱིར་ཞེ་ན། ཉིད་ཀྱི་ཐུགས་འཁྲེན་དང་ཐུགས་ཁྲོའི་མེའི་ནང་ནས་ངས་གསུངས་པ་ཡིན། དུས་དེར་ཨིས་ར་ཨེལ་ཡུལ་ཁམས་ནང་ན་ས་འགུལ་ཆེན་པོ་ཞིག་འབྱུང་བ་ནི་གདོན་མི་ཟའོ། ༢༠ གནམ་གྱི་བྱ་དང་། ཐང་གི་དུད་འགྲོ་དང་། སར་ལྟོ་ཉལ་དུ་འགྲོ་བའི་ལྟོ་འགྲོ་སྲིན་འབུ་ཐམས་ཅད་དང་། དེ་ལྟར་རྒྱ་མཚོའི་ཉ་དང་། ས་གཞིའི་ངོས་སུ་ཡོད་པའི་མི་ཐམས་ཅད་ངའི་སྤྱན་སྔར་འདར་ཞིང་། རི་རྣམས་ཉིལ་ཞིང་། བྲག་གཟར་རྣམས་ལོག་སྟེ། རྩིག་པ་ཚང་མ་ས་ཐོག་ཏུ་ལོག་པར་འགྱུར། ༢༡ དེ་ནས་ངས་རང་གི་རི་ཀུན་ལས་དེའི་ཐོག་ཏུ་རལ་གྲི་དགུག་གོ། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་། མི་རེ་ཡིས་རང་གི་སྤུན་ལ་རལ་གྲི་རྒྱབ་པར་འགྱུར། ༢༢ ཡང་ངས་དེ་ལ་ནད་རིམས་དང་། ཁྲག་བླུག་པའི་ངང་ནས་ཆད་པས་གཅད། དེ་རང་དང་། དེའི་དམག་ཚོགས་དང་། དེ་དང་འགྲོགས་པའི་མི་སྡེ་དུ་མ་དེའི་ཐོག་ཏུ་དྲག་ཆར་དང་། སེར་བ་ཆེན་པོ་དང་། མེ་དང་། མུ་ཟི་འབེབས་པར་བྱ་སྟེ། ༢༣ འདི་ལུགས་སུ་ངས་རང་གི་ཆེ་བ་དང་དམ་པ་ཉིད་དེ་སྟོན་པར་བྱ་བ་དང་། མི་རིགས་དུ་མའི་མིག་གིས་ང་ངོ་ཤེས་ཤིང་། ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎