༣༧
བདག་གི་སྟེང་དུ་ཡ་ཧོ་ཝཱའི་ཕྱག་ཡོད་པས། ཡ་ཧོ་ཝཱའི་ཐུགས་ཉིད་ཀྱིས་བདག་ཁྱེར་ཏེ། རུས་པས་ཁེངས་པའི་ལུང་པའི་དཀྱིལ་དུ་བཞག་བྱུང་། ༢ དེ་རྣམས་ཀྱི་མཐའ་འཁོར་ནས་ང་རྒྱུ་རུ་བཅུག་པ་དང་། ལུང་པ་ཡངས་པོ་དེ་ནང་རུས་པ་རབ་ཏུ་མང་པོ་ཡོད་དེ། ལྟོས་ཤིག དེ་དག་རབ་ཏུ་སྐམ་པོ་ཡོད་པ་ཡིན། ༣ དེ་ནས་ཁོང་གིས་ང་ལ། ཀྱེ་མིའི་བུ། རུས་པ་འདི་དག་གསོན་པོར་འགྱུར་སྲིད་དམ། གསུངས་པའི་ལན་དུ་ངས། ཀྱེ་ཡ་ཧོ་ཝཱ་གཙོ་བོ། ཁྱོད་ཀྱིས་མཁྱེན་ནོ་ཞུས་པ་དང་། ༤ ཁོང་གིས་ཡང་ང་ལ། ཁྱོད་ཀྱིས་རུས་པ་འདི་རྣམས་ལ་ལུང་སྟོན་ཞིང་འདི་སྐད་སྨྲོས་ཤིག ཀྱེ་རུས་པ་སྐམ་པོ་རྣམས། ཡ་ཧོ་ཝཱའི་བཀའ་ཉོན། ༥ ཡ་ཧོ་ཝཱ་གཙོ་བོས་རུས་པ་འདི་དག་ལ་འདི་སྐད་གསུང་། ལྟོས་ཤིག ངས་ཁྱོད་ཅག་ནང་དབུགས་འཇུག་ཅིང་། ཁྱོད་ཅག་གསོན་པོར་འགྱུར། ༦ ངས་ཁྱོད་ལ་རྒྱུས་པ་གྱོན་ཏེ། ཁྱོད་ཁར་ཤ་སྐྱེ་རུ་བཅུག་ནས། པགས་པ་བཀབ་ནས། དབུགས་འཇུག་པ་དང་། ཁྱོད་ཅག་གསོན་པོར་འགྱུར་རོ། དེ་ནས་ཁྱོད་ཅག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། ཞེས་གསུངས་པས།༧ ངས་བཀའ་གནང་བ་བཞིན་དུ་ལུང་བསྟན་པ་ཡིན། ལུང་བསྟན་པ་ཙམ་གྱིས་སྒྲ་ཞིག་བྱུང་། ཀྱེ་ཧོ། ས་གཡོ་བ་ཞིག་བྱུང་། རུས་པ་ཐམས་ཅད་རེ་རང་གི་རུས་པར་འཐུད་པར་གྱུར་ཏོ། ༨ ཡང་ངས་བལྟས་པ་དང་། ཀྱེ་ཧོ། དེ་དག་གི་ཁར་ཆུ་རྒྱུས་དང་ཤ་སྐྱེས་ནས། དེའི་ཁར་པགས་པས་བཀབ་བྱུང་། འོན་ཀྱང་དེ་དག་གི་ནང་དུ་དབུགས་མེད་པ་ཡིན། ༩ དེ་ནས་ཁོང་གིས་ང་ལ། ལུང་སྟོན་ཞིག ཀྱེ་མིའི་བུ། རླུང་ལ་ལུང་སྟོན་ཞིང་། རླུང་ལ་འདི་སྐད་སྒོ་ཞིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཀྱེ་དབུགས། རླུང་བཞིའི་ནང་ནས་ཚུར་ཤོག གསོན་པོར་འགྱུར་བའི་ཕྱིར་དུ། བཀུམ་ཟིན་པ་འདི་དག་ལ་ཕུ་ཐོབ་ཅིག ཅེས་གསུངས་པས། ༡༠ ངས་ཁོང་གི་བཀའ་སྩལ་པ་བཞིན་དུ་ལུང་བསྟན་པ་ལས། དེ་དག་གི་ནང་དུ་དབུགས་ཞུགས་ནས་གསོན་པོར་གྱུར་ཏེ། རང་གི་རྐང་པའི་ཁར་ལངས་ཏེ། དམག་དཔུང་རབ་ཏུ་ཆེན་པོ་ཞིག་བྱུང་ངོ་༎
༡༡ དེ་ནས་ཁོང་གིས་ང་ལ། ཀྱེ་མིའི་བུ། རུས་པ་འདི་རྣམས་ནི་ཨིས་ར་ཨེལ་ཕ་སྤད་ཐམས་ཅད་ཡིན། ལྟོས་དང་། དེ་དག་གིས་ངེད་ཀྱི་རུས་པ་ནི་སྐམས། རེ་བ་ནི་ཟད། ངེད་ཅག་གི་འགད་ནི་གྲོལ་བྱུང་ཟེར་བས་ན། ༡༢ ད་ཁྱོད་ཀྱིས་ལུང་སྟོན་ཞིང་། དེ་ཚོར་འདི་སྐད་སྦྲོན་ཞིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ལྟོས་ཤིག ཀྱེ་ངའི་མི་སྡེ། ངས་ཁྱོད་ཅག་གི་དུར་ཁུང་གི་ཁ་ཕྱེས་ཏེ། ཁྱོད་ཅག་རང་གི་དུར་ཁུང་གི་ནང་ནས་བཏོན་ཏེ། ཨིས་ར་ཨེལ་ཡུལ་ནང་འདྲེན་པར་བྱ། ༡༣ ཀྱེ་ངའི་མི་སྡེ། ངས་ཁྱོད་ནི་རང་གི་དུར་ཁུང་གི་ཁ་ཕྱེས་ཏེ། ཁྱོད་ནི་རང་གི་དུར་ཁུང་གི་ནང་ནས་ཕྱི་རོལ་དུ་འདོན་པའི་དུས་སུ། ཁྱོད་ཅག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར། ༡༤ ངས་ཁྱོད་ཅག་གི་ནང་དུ་ཉིད་ཀྱི་ཐུགས་ཉིད་བཅུག་ནས་གསོན་པར་གྱུར་ཏེ། ཁྱོད་ནི་རང་ཡུལ་ནང་གནས་སུ་གཞུག་གོ། དེ་ནས་ཁྱོད་ཅག་གིས་ང་ཡ་ཧོ་ཝཱས་དེ་བཤད་ནས་བསྒྲུབ་པར་ཡང་བྱས་པ་རྟོགས་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༥ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༡༦ ཀྱེ་མིའི་བུ། འཁར་བ་ཞིག་བླངས་ནས་དེའི་ཐོག་ཏུ། ཡ་ཧུ་དཱ་དང་དེ་དང་སྦྲེལ་བའི་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར། ཞེས་བྲིས་ཤིག དེ་ནས་འཁར་བ་གཞན་ཞིག་བླངས་ཏེ་དེའི་ཁར། ཨེབ་ར་ཨིམ་གྱི་འཁར་བ། ཡོ་སེབ་དང་དེ་དང་སྦྲེལ་བའི་ཨིས་ར་ཨེལ་ཕ་སྤད་ཚང་མའི་ཕྱིར། ཞེས་བྲིས་ཤིག ༡༧ འཁར་བ་དེ་གཅིག་དང་གཅིག་ཏུ་སྦྱོར་ཞིག་དང་། དེ་དག་ཁྱོད་ཀྱི་ལག་ནང་འཁར་བ་གཅིག་རང་དུ་འགྱུར་བར་འགྱུར་རོ། ༡༨ ཡང་ནམ་ཁྱོད་ཀྱི་མི་སྡེའི་བུ་རྣམས་ཀྱིས་ཁྱོད་ལ་གཏམ་བྱེད་དེ། ཁྱོད་ཀྱིས་འདི་འདྲ་བྱེད་པའི་དོན་ཅི་ཡིན། ངེད་ལ་མི་སྟོན་ནམ། ཞེས་འདྲི་དུས་སུ། ༡༩ དེ་ཚོར་འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཀྱེ་ཧོ། ངས་ཨེབ་ར་ཨིམ་དང་དེའི་གྲོགས་པོ་ཨིས་ར་ཨེལ་གྱི་སྡེ་རྣམས་ཀྱི་ལག་ནང་ཡོད་པའི་ཡོ་སེབ་ཀྱི་འཁར་བ་དེ་བླངས་ཏེ། ཡ་ཧུ་དཱ་དེའི་འཁར་བ་དང་སྦྱོར་ཞིང་། འཁར་བ་གཅིག་ཏུ་བྱ་སྟེ། དེ་རྣམས་ངའི་ལག་ནང་གཅིག་ཏུ་འགྱུར་བར་འགྱུར། ༢༠ ཁྱོད་ཀྱིས་ཡི་གེ་བྲིས་ཡོད་པའི་འཁར་བ་དེ་གཉིས། དེ་དག་གི་མིག་གི་མདུན་དུ་ཁྱོད་ཀྱི་ལག་ནང་ཡོད་པའི་རིགས་ཏེ། ༢༡ དེ་ཚོར་འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཀྱེ་ཧོ། ངས་ཨིས་ར་ཨེལ་གྱི་བུ་རྣམས་གང་དང་གང་དུ་ཕྱིན་པའི་ཕྱི་པའི་ཁྲོད་ལས་བཏོན་ཏེ། ཕྱོགས་ཀུན་ལས་བསྡུས་ཏེ། དེ་དག་གི་ཕ་ཡུལ་དུ་འདྲོངས་པར་བྱའོ། ༢༢ དེ་ནས་ངས་དེ་དག་ཡུལ་དེ་ནང་། ཨིས་ར་ཨེལ་གྱི་རི་རྣམས་སུ་མི་སྡེ་གཅིག་ཏུ་བྱས་ཏེ། དེ་ཐམས་ཅད་ཀྱི་རྒྱལ་པོར་རྒྱལ་པོ་གཅིག་རང་ཡོད་པར་འགྱུར་ཏེ། སླར་དེ་དག་མི་སྡེ་གཉིས་སུ་ཡང་མི་འགྱུར། དེ་ཕྱིན་ཆད་དེ་དག་རྒྱལ་ཁག་གཉིས་སུ་ནམ་ཡང་མི་འགྱེ། ༢༣ དེ་ཕྱིན་ཆད་དེ་དག་གིས་རང་གི་སྐུ་འདྲ་རྣམས་དང་། དངོས་པོ་ཞེན་ལོག་རྣམས་དང་། འགལ་སྐྱོན་གང་གིས་ཀྱང་རང་བརླགས་པར་མི་བྱའོ། དེ་ཚོས་སྡིག་པ་ལ་སྤྱོད་པའི་གནས་ཚང་ཀུན་ལས་ངས་དེ་དག་བསྒྲལ་ཏེ། སྦྱོང་བར་བྱ་བས། དེ་དག་ངའི་མི་སྡེ་དང་། ང་དེ་དག་གི་དཀོན་མཆོག་ཏུ་འགྱུར་བར་འགྱུར་རོ། ༢༤ དེ་ནས་ངའི་ཞབས་ཕྱི་དཱ་བིད་དེ་དག་གི་རྒྱལ་པོར་འགྱུར་ཏེ། དེ་ཐམས་ཅད་ལ་རྫི་བོ་གཅིག་གཅིག་རང་ཡོད་པར་འགྱུར། ཡང་དེ་དག་ངའི་བཀའ་ཁྲིམས་ནང་འགྲུལ་ཞིང་། ངའི་སྤྱད་མཚམས་རྣམས་སྲུང་ཞིང་སྤྱོད་པར་ཡང་འགྱུར། ༢༥ ཡང་ངས་ཉིད་ཀྱི་བྲན་པོ་ཡ་ཀོབ་ལ་བྱིན་གྱིས། ཁྱོད་ཅག་གི་ཕ་མེས་གཞིས་ཕབ་པའི་ཡུལ་ནང་དུ་དེ་དག་གཞིས་ཆགས་ཏེ། དེ་དག་རང་དང་། དེ་དག་གི་བུ་རྣམས་དང་། བུའི་བུ་རྣམས་དེར་དུས་གཏན་དུ་གནས་ཤིང་། ངའི་ཞབས་ཕྱི་དཱ་བིད་དུས་གཏན་དུ་དེ་དག་གི་རྗེ་དཔོན་དུ་འགྱུར་བར་འགྱུར། ༢༦ དེས་མ་ཟད་ངས་དེ་དག་དང་ཞི་བདེའི་ཞལ་ཆད་ཅིག་བྱ་སྟེ། དེ་ནི་དེ་དག་ལ་དུས་གཏན་གྱི་ཞལ་ཆད་དུ་འགྱུར་འོང་། ངས་དེ་དག་འཛུགས་ཤིང་རྒྱས་སུ་འཇུག་ཅིང་། དུས་རྒྱུན་དུ་དེ་དག་གི་དཀྱིལ་དུ་ཉིད་ཀྱི་གཙང་ཁང་འཇགས་སུ་གཞུག ༢༧ ངའི་གུར་མཆོག་ཀྱང་དེ་དག་དང་མཉམ་དུ་ཡོད་པར་འགྱུར། འོ་ན། ང་དེ་དག་གི་དཀོན་མཆོག་དང་། དེ་དག་ངའི་མི་སྡེ་ཡིན་པར་འགྱུར། ༢༨ དེ་ནས་ངའི་གཙང་ཁང་དུས་རྒྱུན་དུ་དེ་དག་གི་དཀྱིལ་དུ་ལུས་པའི་ཚེ་ན། ཕྱི་པས་ཀྱང་ཨིས་ར་ཨེལ་དམ་པར་བྱེད་མཁན་ནི་ང་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎