༣༦
ཀྱེ་མིའི་བུ། ཁྱོད་ཀྱིས་ཨིས་ར་ཨེལ་གྱི་རི་རྣམས་ལ་ལུང་སྟོན་ཞིང་། འདི་སྐད་གྱིས་ཤིག ཀྱེ་ཨིས་ར་ཨེལ་གྱི་རི་རྣམས། ཡ་ཧོ་ཝཱའི་བཀར་ཉོན་ཨང་།  ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཕ་རོལ་པས་ཁྱོད་ལ་ཧ་ཧ། སྔོན་གྱི་མཐོ་གླིང་རྣམས་ཀྱི་བདག་པོའང་ངེད་ཅག་རང་ཡིན་ཟེར་བས།  ལུང་སྟོན་ཞིང་འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། དེ་ཚོས་ཁྱོད་སྟོངས་སུ་བཅུག དེ་ཇི་ལྟར་ཞེ་ན། ཕྱི་པ་ལྷག་མས་ཁྱོད་ལ་བདག་གིར་བྱེད་པ་ལ། ཁྱོད་ཕྱོགས་ཀུན་ནས་ཟོས། རྒྱ་ལབ་མཁན་གྱིས་ཁྱོད་ཕྱིར་མཆུ་ཕྱེས་ནས། མི་སྡེ་ནང་དུ་ཁྱོད་ཚིག་ངན་དུ་གྱུར་བྱུང་བས།  དེས་ན་ཨིས་ར་ཨེལ་གྱི་རི་རྣམས། ཡ་ཧོ་ཝཱ་གཙོ་བོའི་བཀའ་མཆིད་ལ་ཉོན་དང་། ཡ་ཧོ་ཝཱ་གཙོ་བོས་རི་རྣམས་དང་། རི་ཕྲན་རྣམས་དང་། ཆུ་བོ་རྣམས་དང་། ལུང་པ་རྣམས་དང་། སྟོངས་པའི་ཡུལ་སྟོང་དང་། སྤངས་པའི་གྲོང་ཁྱེར་མཐའ་འཁོར་གྱི་ཕྱི་པ་ལྷག་མ་རྣམས་ཀྱི་བཅོམ་ནོར་དང་ཐོ་འཚམ་དུ་གྱུར་པ་རྣམས་ལ་འདི་སྐད་གསུང་།  དེའི་སླད་དུ་ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། མི་རྣམས་བཏོན་ནས་ངའི་ཡུལ་དེ་འཇོམ་དུ་རང་གི་སྙིང་ཚང་མའི་དགའ་བ་དང་། སེམས་འཁོན་གྱིས་ངའི་ཡུལ་ཁམས་ཀྱི་བདག་པོར་རང་བསྐོས་པའི་ཕྱི་པ་ལྷག་མ་དང་ཨེ་དོམ་ཚང་མ་ལ། ངའི་མི་ལྟ་བུའི་འཁྲེན་སེམས་ཀྱིས་གླེང་བ་ཡིན།
 དེས་ན་ཁྱོད་ཀྱིས་ཨིས་ར་ཨེལ་ཡུལ་ཁམས་ཀྱི་ཆེད་དུ་ལུང་སྟོན་ཞིང་། རི་རྣམས་དང་། རི་ཕྲན་རྣམས་དང་། ཆུ་ཀླུང་རྣམས་དང་། ལུང་པ་རྣམས་ལ་འདི་སྐད་སྦྲོན་ཞིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ལྟོས་ཤིག ཁྱོད་ཚོས་ཕྱི་པའི་ཚིག་ངན་བཀུར་བའི་ཕྱིར་དུ། ངས་ཉིད་ཀྱི་འཁྲེན་སེམས་དང་། ཁྲོ་གཏུམ་གྱི་ནང་ནས་གླེང་ཟིན་པས།  ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ངས་ཉིད་ཀྱི་ཕྱག་བཏེགས་པ་ཡིན། ཁྱོད་ཅག་གི་མཐའ་འཁོར་གྱི་ཕྱི་པ་རྣམས་ཀྱིས་རང་གི་ཚིག་ངན་དེ་འཁུར་བ་ནི་གདོན་མི་ཟ་བའོ།  འོན་ཀྱང་ཀྱེ་ཨིས་ར་ཨེལ་གྱི་རི་རྣམས། ཁྱོད་ལས་ཡལ་འདབ་འཁྲུང་ཞིང་། ངའི་མི་སྡེ་ཨིས་ར་ཨེལ་གྱི་དོན་དུ་ཤིང་འབྲས་ཆགས་པར་འགྱུར། ཅི་ལ་ཟེར་ན། དེ་དག་སླེབ་ཏུ་ཉེ།  དེ་ཅིའི་ཕྱིར་ཞེ་ན། ང་ནི་ཁྱོད་ཀྱི་དོན་དུ་ཡིན་པས། ང་ཁྱོད་ཕྱོགས་སུ་ལོག་འོང་བར་བྱ། དེ་ནས་ཁྱོད་རྨོ་ཞིང་ས་བོན་འདེབས་པར་འགྱུར། ༡༠ ངས་ཁྱོད་ཐོག་མིའམ། ཨིས་ར་ཨེལ་ཕ་སྤད་ཡོད་དོ་ཅོག་ཐམས་ཅད་ཀྱི་བརྒྱུད་དར་དུ་གཞུག་གོ། དེ་ནས་གྲོང་ཁྱེར་རྣམས་འཚུགས་ཤིང་། ཡུལ་སྟོང་རྣམས་སླར་རྩིག་པར་འགྱུར། ༡༡ ཡང་ངས་ཁྱོད་ཐོག་མི་དང་དུད་འགྲོ་འཕེལ་འཇུག་ཅིང་། དེ་དག་འཕེལ་ཞིང་བརྒྱུད་རྒྱས་པར་འགྱུར་ཏེ། ངས་ཁྱོད་ཅག་སྔར་གཞིས་ཆགས་ཡོད་པ་ཁོ་ན་བཞིན་དུ་འཛུགས་ཤིང་། སྔར་བས་ཀྱང་ཁྱོད་ལེགས་པར་བྱའོ། དེ་ནས་ཁྱོད་ཅག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། ༡༢ དེ་དེ་བཞིན་ནོ། ངས་ཁྱོད་ཐོག་མིའམ། ངའི་མི་སྡེ་ཨིས་ར་ཨེལ་རྒྱུ་རུ་གཞུག དེ་དག་ཁྱོད་ཀྱི་བདག་པོ་དང་། ཁྱོད་དེ་དག་གི་ནོར་སྐལ་དུ་འགྱུར་ཞིང་། དེ་ཕྱིན་ཆད་ཁྱོད་ཀྱིས་དེ་དག་གི་མི་རབས་གཅོད་པར་མི་འགྱུར་རོ༎
༡༣ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། དེ་ཚོས། ཁྱོད་ཀྱིས་མི་མིད་ཅིང་། རང་གི་མི་བརྒྱུད་ཀྱི་རབས་བཅད་པའི་ཡུལ་ཡིན་ཟེར་བྱུང་བས། ༡༤ ད་ཕྱིན་ཆད་དུ་ཁྱོད་ཀྱིས་མི་ལ་ཁྱུར་མིད་ཀྱང་མི་བྱ། རང་གི་མི་བརྒྱུད་ཀྱི་རབས་ཀྱང་མི་གཅད་དོ། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་། ༡༥ དེས་མ་ཟད་པར་ད་ཕྱིན་ཆད་དུ་ཁྱོད་ནང་ཕྱི་པའི་ཚིག་ངན་ཡང་ཐོས་སུ་མི་གཞུག སླར་ཁྱོད་ཀྱིས་མི་སྡེ་རྣམས་ཀྱི་སྨོད་ཟོར་ཡང་མི་ཐོགས། ད་ཚུན་ཆད་ཁྱོད་ཀྱིས་རང་གི་མི་བརྒྱུད་སྒྱེལ་དུའང་མི་གཞུག་གོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
༡༦ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༡༧ ཀྱེ་མིའི་བུ། ཨིས་ར་ཨེལ་ཕ་སྤད་རང་ཡུལ་ནང་གཞིས་ཆགས་དུས། རང་གི་ལམ་དང་སྤྱོད་པ་རྣམས་ཀྱིས་ཡུལ་བརླགས་སུ་བཅུག་ནས། དེ་དག་གི་ལམ་ནི་ངའི་སྤྱན་སྔར་བུད་མེད་ཟླ་མཚན་གྱི་ཚེ་ན་ཐུ་བ་དང་འདྲ་བ་ཡོད་པ་ཡིན་པས། ༡༨ དེ་དག་གི་ཡུལ་ནང་ཕོས་པའི་ཁྲག་དང་། དེ་དག་རང་བརླགས་བཅུག་པའི་དེ་དག་གི་སྐུ་འདྲའི་ཕྱིར། ངས་དེ་ཚོའི་ཐོག་ཏུ་ངའི་ཐུགས་ཁྲོ་བླུགས་པ་ཡིན། ༡༩ ཡང་ངས་དེ་དག་མི་བརྒྱུད་སོ་སོའི་ནང་ཁྲེ་གཏོར་དུ་བཏང་ནས། ཡུལ་ཀུན་ཏུ་ཁྲེ་ཟིང་སོང་། དེ་དག་གི་ལམ་དང་སྤྱོད་པར་མཁོ་བའི་ཁྲིམས་ངས་བཅད་པ་ཡིན། ༢༠ དེ་དག་གང་དང་གང་དུ་ཕྱིན་པའི་ཕྱི་པའི་ཁྲོད་དུ་ཞུགས་དུས། ངའི་མཚན་དམ་པ་ལ་གཏམ་ངན་ཕོག་ཏུ་བཅུག གང་ལྟར་ཞེ་ན། དེ་དག་གིས། འདི་ཚོ་ནི་ཡ་ཧོ་ཝཱའི་མི་སྡེ། ཁོང་གི་ཡུལ་ནས་ཐོན་སོང་བ་དེ་རྣམས་ལགས་སོ་སྨྲས། ༢༡ འོན་ཀྱང་ཨིས་ར་ཨེལ་ཕ་སྤད་གང་དང་གང་དུ་ཕྱིན་པའི་ཕྱི་པའི་ཁྲོད་དུ་གཏམ་ངན་འཕོག་བཅུག་པའི་ང་ཉིད་ཀྱི་མཚན་དམ་པའི་ཕྱིར་ངས་ཕངས་པས།
༢༢ ཨིས་ར་ཨེལ་ཕ་སྤད་ལ་འདི་སྐད་སྒོ་ཞིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཀྱེ་ཨིས་ར་ཨེལ་ཕ་སྤད། ཁྱོད་ཀྱི་དོན་དུ་ངས་འདི་འདྲ་མི་བྱེད་ཀྱིས། ཁྱོད་ཅག་གང་དང་གང་དུ་ཕྱིན་པའི་ཕྱི་པའི་ཁྲོད་དུ་གཏམ་ངན་འཕོག་བཅུག་པའི་ང་ཉིད་ཀྱི་མཚན་དམ་པའི་དོན་དུ་བྱེད་པས། ༢༣ ཁྱོད་ཚོས་ཕྱི་པའི་དཀྱིལ་དུ་གཏམ་ངན་འཕོག་བཅུག་སྟེ། དེ་དག་གི་ཁྲོད་དུ་བརླགས་པར་བྱས་པའི་ངའི་མཚན་ཆེན་པོ་དེ་ངས་དམ་པར་བྱའོ། དེ་དག་གི་མིག་གི་མདུན་དུ་ང་ཁྱོད་ཅག་གི་ནང་ན་དམ་པར་འགྱུར་བའི་ཚེ། ཕྱི་པས་ཀྱང་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། ཡ་ཧོ་ཝཱ་གཙོ་བོས་གསུང་།
༢༤ དེ་ཇི་ལྟར་ཞེ་ན། ངས་ཁྱོད་ཅག་ཕྱི་པ་རྣམས་ཀྱི་ཁྲོད་ལས་ཕྱུང་སྟེ། ཡུལ་ཀུན་ལས་བསྡུས་ཏེ། ཁྱོད་ཚོ་རང་ཡུལ་དུ་འཁྱེར་བར་བྱའོ། ༢༥ དེ་ནས་ངས་ཁྱོད་ཅག་ལ་ཆུ་གཙང་མ་གཏོར་བ་བྱ་བས། ཁྱོད་ཅག་གཙང་མ་འགྱུར་ཞིང་། ངས་ཁྱོད་རྣམས་ཁྱོད་རང་གི་དྲི་མ་ཐམས་ཅད་དང་། ཁྱོད་ཅག་གི་སྐུ་འདྲ་ཀུན་ནས་གཙང་དག་བྱ་སྟེ། ༢༦ ཁྱོད་ནང་སྙིང་གསར་པ་དང་སེམས་ཉིད་གསར་པ་ཞིག་འཇུག་ཅིང་། ཁྱོད་ཅག་གི་ལུས་ཀྱི་ནང་ནས་རྡོ་སྙིང་དེ་འདོན་ཞིང་། ཤའི་སྙིང་ཞིག་སྦྱིན་པར་བྱའོ། ༢༧ ཡང་ངས་ཁྱོད་ནང་ཉིད་ཀྱི་ཐུགས་ཉིད་འཇུག་ཅིང་། ངའི་སྤྱད་མཚམས་རྣམས་ནང་འགྲུལ་དུ་གཞུག་གོ། དེ་ནས་ཁྱོད་ཅག་གིས་ངའི་སྤྱད་མཚམས་རྣམས་སྲུང་ཞིང་སྤྱོད་པར་འགྱུར། ༢༨ ཡང་ངས་ཁྱོད་ཅག་གི་ཕ་མེས་ལ་གནང་བའི་ཡུལ་ནང་གནས་ཏེ། ཁྱོད་ཅག་ངའི་མི་སྡེ་དང་། ང་ནི་ཁྱོད་ཅག་གི་དཀོན་མཆོག་ཏུ་འགྱུར་བར་འགྱུར། ༢༩ ཡང་ངས་ཁྱོད་རྣམས་ཀྱི་མི་གཙང་བ་རྣམས་ལས་སྐྱོབ་ཅིང་། ངས་འབྲུ་འགུག་ཅིང་འཕེལ་འཇུག་ཅིང་། ཁྱོད་ནང་མུ་གེ་འབྱུང་དུ་མི་གཞུག ༣༠ ཡང་ཕྱིན་ཆད་དུ་ཁྱོད་ཅག་གིས་ཕྱི་པའི་ཁྲོད་དུ་མུ་གེའི་སྐུར་པ་མི་འཁུར་བའི་ཕྱིར་དུ། རྩི་ཤིང་གི་འབྲས་བུ་དང་། ཞིང་གི་ཐོག་ངས་འཕེལ་དུ་གཞུག་གོ། ༣༡ དེ་ནས་ཁྱོད་ཚོས་རང་གི་ལམ་ངན་པ་དང་། བཟང་པོ་མིན་པའི་སྤྱོད་པ་རྣམས་དྲན་ཞིང་། རང་གི་མི་དགེ་བ་དང་བྱ་བ་ཞེན་ལོག་རྣམས་ཀྱི་ཕྱིར་དུ། རང་གི་མིག་ནང་རང་ལ་སྐྱུག་བྲོ་བར་འགྱུར་རོ། ༣༢ འདི་ནི་ངས་ཁྱོད་ཅག་གི་ངོའི་ཕྱིར་མི་བྱེད་པ་རྟོགས་པར་བྱོས་ཤིག ཡ་ཧོ་ཝཱ་གཙོ་བོས་གསུང་། ཀྱེ་ཨིས་ར་ཨེལ་ཕ་སྤད། རང་གི་ལམ་རྣམས་ཀྱིས་ཁྲེལ་ཞིང་ངོ་ཚ་བར་གྱུར་ཅིག
༣༣ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ངས་ཁྱོད་རྣམས་རང་གི་མི་དགེ་བ་ཀུན་ལས་སྦྱོང་བའི་ཉིན་མོར། གྲོང་ཁྱེར་རྣམས་འཚུགས་སུ་འཇུག་ཅིང་། ཁྱོད་ཀྱི་ཡུལ་གོག་རྣམས་རྩིག་པར་འགྱུར། ༣༤ རྒྱུ་མཁན་ཀུན་གྱི་མིག་གི་མདུན་དུ་ཞིང་གོག་ལ་བཞག་ཡོད་པའི་ཞིང་སྟོང་རྣམས་རྨོ་བར་འགྱུར། ༣༥ དེ་ནས་མིས་ཞིང་གོག་ལ་བཞག་ཡོད་པའི་ཞིང་ཨེ་དེན་སྐྱེད་ཚལ་ལྟ་བུ་དང་། སྟོངས་ནས་སྟོང་པར་ཡོད་པའི་གྲོང་ཁྱེར་གོག་པོ་རྣམས་ལྕགས་རིས་བསྐོར་ཏེ་ཚུགས་ནས་འདུག་གོ་ཟེར་བར་འགྱུར་རོ། ༣༦ དེའང་ང་ཡ་ཧོ་ཝཱས་ཡུལ་གོག་རྣམས་རྩིག་ཅིང་། ས་སྟོང་དེ་ཚལ་དུ་མཛད་པ་ནི། ཁྱོད་ཅག་གི་འཁོར་དུ་ལུས་པའི་ཕྱི་པས་ཀྱང་རྟོགས་པར་འགྱུར། ང་ཡ་ཧོ་ཝཱས་འདི་གསུངས་པས། ངས་སྒྲུབ་པར་ཡང་བྱའོ༎
༣༧ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ངས་དེ་དག་གི་དོན་དུ་གཞན་འདི་ཡང་བྱེད་དུ། ཨིས་ར་ཨེལ་ཕ་སྤད་ལ་ང་ལ་དེ་ཞུ་རུ་འཇུག་ཅིང་། ལུག་ཁྱུ་ལྟར་དེ་དག་གི་མི་བརྒྱུད་ངས་རྒྱས་སུ་གཞུག ༣༨ ལུག་ཁྱུ་དམ་པའམ། ཡེ་རུ་ཤ་ལེམ་ན་དུས་མཆོད་སྐབས་ཀྱི་ལུག་ཁྱུ་ལྟར་དུ། གྲོང་ཁྱེར་གོག་པོ་རྣམས་མི་ཚོགས་ཀྱིས་ཁེངས་པར་འགྱུར། དེ་ནས་དེ་དག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎