༣༥
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༢ ཀྱེ་མིའི་བུ། སེ་ཨིར་རིའི་ཕྱོགས་སུ་རང་གི་གདོང་སྒྱུར་ལ། དེའི་སྐོར་ལུང་སྟོན་ཞིང་། ༣ འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ལྟོས་ཤིག ཀྱེ་རི་སེ་ཨིར། ངས་ཁྱོད་དགྲར་འཛིན་པས། ངས་ཁྱོད་ཕྱོགས་ཉིད་ཀྱི་ཕྱག་གདེང་ཞིང་། ཁྱོད་རྩད་ནས་སྟོངས་སུ་གཞུག ༤ ངས་ཁྱོད་ཀྱི་གྲོང་ཁྱེར་རྣམས་སྟོངས་སུ་བཅུག་ནས། ཁྱོད་ཡུལ་སྟོང་དུ་འགྱུར་བར་འགྱུར། དེ་ནས་ཁྱོད་ཀྱིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར།༥ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ནང་སྔར་ནས་འཁོན་སེམས་ཡོད་པས། ཨིས་ར་ཨེལ་གྱི་བུ་རྣམས་བཀྲ་མི་ཤིས་པའི་ཞག་གམ། དེ་དག་གི་མི་དགེ་བ་རྫོགས་དུས། ཁྱོད་ཀྱིས་དེ་དག་རལ་གྲིའི་སོ་ལ་བཏད་པ་ཡིན། ༦ དེའི་སླད་དུ་ཡ་ཧོ་ཝཱ་གཙོ་བོས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་བཅུག་ནས་འདི་སྐད་གསུང་། ངས་ཁྱོད་གསོད་བྱེད་ཀྱི་གྲབས་བྱ། གསོད་བྱེད་ཀྱིས་ཁྱོད་ལ་འདའ་བར་འགྱུར། གང་ལ་ཞེ་ན། ཁྱོད་ཀྱིས་ཁྲག་འཕོ་བ་ལ་མ་འཛེམས་པས་ན། ཁྲག་གིས་ཁྱོད་ལ་འདའ་བར་འགྱུར། ༧ འདི་ལྟར་ངས་རི་སེ་ཨིར་རྩད་ནས་སྟོངས་སུ་གཞུག དེའི་ནང་ནས་འཐོན་འགྲོ་མཁན་དང་ལོག་འོང་མཁན་གཉིས་པོ་དེ་ལས་གཅོད་པར་བྱའོ། ༨ ཡང་ངས་དེའི་རི་རྣམས་དེའི་རོས་འགེངས་ཤིང་། ཁྱོད་ཀྱི་རི་ཕྲན་དང་། ལུང་པ་དང་། གཙང་པོ་ཐམས་ཅད་ནང་རལ་གྲིས་བསད་པ་རྣམས་ལྟུང་བར་འགྱུར། ༩ ངས་ཁྱོད་ནི་དུས་གཏན་གྱི་ཕྱིར་སྣུབ་པར་བྱ་བས། ཁྱོད་ཀྱི་གྲོང་ཁྱེར་རྣམས་སླར་འཚུགས་པར་མི་འགྱུར། དེ་ནས་ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎
༡༠ ཅི་ལ་ཟེར་ན། ཡ་ཧོ་ཝཱ་དེར་མཆིས་བཞིན་དུ་ཁྱོད་ཀྱིས། མི་བརྒྱུད་འདི་གཉིས་པོ་དང་ཡུལ་གཉིས་ང་ལ་ཐོབ་འོང་བས། ངེད་ཅག་གིས་དེ་དབང་བར་འགྱུར་རོ། ཞེས་སྨྲས་པ་ཡིན། ༡༡ དེའི་ཕྱིར་ཡ་ཧོ་ཝཱ་གཙོ་བོས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་བཙུག་ནས་འདི་སྐད་གསུང་། ཁྱོད་ཀྱིས་རང་གི་འཁོན་སེམས་ཀྱིས་དེ་དག་ལ་བྱས་པ་ལྟར། ངས་ཀྱང་ཁྱོད་ཀྱི་ཁོང་ཁྲོ་དང་སྡང་སེམས་ལ་འཁོ་བ་ཞིག་བྱ་རྒྱུ་སྟེ། ངས་ཁྱོད་ཀྱི་ཁྲིམས་གཅོད་དུས། དེ་དག་གི་ཁྲོད་ན་ངའི་མཚན་གྲགས་ཆེ་བར་བྱ། ༡༢ ཁྱོད་ཀྱིས་ཨིས་ར་ཨེལ་གྱི་རི་རྣམས་ལ། སྐུར་ལན་བཏབ་པ་ནས་དེ་རྣམས་སྟོངས། ངེད་ཅག་གི་ཟ་ཐང་དུ་བྱིན་པ་ཡིན་སྨྲ་བ་ཀུན་གསན་མཁན་ནི། ང་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར། ༡༣ དེ་ལྟར་ཁྱོད་ཅག་གི་ཁ་ལས་ཁོ་བོ་ལ་ཡིན་ཁུལ་བསྟན་ཏེ། བདག་ལ་ཁ་བཤད་མང་ཙམ་བཏང་བ་དེ་ངས་གསན་པས།
༡༤ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ས་གཞི་ཐམས་ཅད་དགའ་མགུ་རང་དུས། ངས་ཁྱོད་སྟོངས་སུ་གཞུག ༡༥ ཇི་ལྟར་ཨིས་ར་ཨེལ་ཕ་སྤད་ཀྱི་ནོར་སྐལ་གྱི་ཡུལ་དེ་སྟོངས་ཟིན་པ་ལ་ཁྱོད་དགའ་བ་ཡིན། ངས་ཁྱོད་ལའང་དེ་བཞིན་བྱའོ། ཀྱེ་རི་སེ་ཨིར་དང་། ཨེ་དོམ་ཚང་མ། འོ་ན། ཁྱོད་ཡོངས་སུ་སྟོངས་པར་འགྱུར། དེ་ནས་དེ་དག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎