༣༢
ལོ་བཅུ་གཉིས་པའི་ཟླ་བ་བཅུ་གཉིས་པའི་ཚེས་དང་པོར་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༢ ཀྱེ་མིའི་བུ། མི་སེར་རྒྱལ་པོ་ཕར་ཨོའི་ཕྱིར་མྱ་ངན་བྱོས་ལ། དེ་ལ་འདི་སྐད་ལབ་ཅིག ཁྱོད་མི་སྡེ་རྣམས་ནང་སེང་དར་མ་ལྟ་བུ་ཞིག་དང་འདྲ་སྟེ། རྒྱ་མཚོའི་རྣམས་ཀྱི་ནང་ན་ཆུ་སྲིན་དང་འདྲ་ཞིང་། གཙང་པོ་རྣམས་ཕར་ཚུར་དབྱུག་ཅིང་། རྐང་པས་ཆུ་རྣམས་དཀྲུགས་ནས། དེ་དག་གི་གཙང་པོ་རྣམས་བརྙོགས་པར་བྱེད།༣ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་དུ། ངས་མི་སྡེ་དུ་མའི་དཔུང་ཚོགས་ཤིག་བརྒྱུད་ནས། ཁྱོད་ཀྱི་ཐོག་ཏུ་ང་ཉིད་ཀྱི་རྒྱ་དེ་དབབ། དེ་ཚོས་ཁྱོད་ངའི་རྒྱའི་ནང་ན་ཡར་འཁྱེར་ཡོང་། ༤ དེ་ནས་ངས་ཁྱོད་སྐམ་སའི་སྟེང་དུ་འབོར་ཞིང་། ཐང་ཡངས་པོའི་ཁར་དབྱུག་ཅིང་། གནམ་གྱི་འདབ་ཆགས་ཐམས་ཅད་ཁྱོད་ཁར་སྡོད་དུ་གཞུག ངས་ས་གཞི་ཡོངས་ཀྱི་བྱོལ་སོང་ཁྱོད་ལས་འགྲང་དུ་གཞུག་གོ། ༥ ཡང་ངས་ཁྱོད་ཀྱི་ཤ་རི་ལ་བཞག་ནས། ལུང་པ་རྣམས་ཁྱོད་ཀྱི་སྲིན་འབྲུས་འགེངས་པར་བྱ། ༦ ངས་ཁྱོད་ཀྱི་ཁྲག་གིས་ཁྱོད་རང་རྒྱལ་བའི་ས་གཞི་མ་ཟད། རི་བོ་རྣམས་ཀྱང་གང་བར་བྱས་ནས། ཆུ་བོ་རྣམས་ཁྱོད་ཀྱིས་འཁེངས་པར་འགྱུར།
༧ ཡང་ངས་ཁྱོད་ཀྱི་འོད་གསོད་པར་ཙམ་གྱིས། ངས་ནམ་མཁའ་སྒྲིབ་ཅིང་། སྐར་མ་རྣམས་ནག་པོར་བྱ། ཉི་མ་སྤྲིན་གྱིས་སྒྲིབ་ཏུ་བཅུག་ནས། ཟླ་བས་ཀྱང་རང་འོད་མི་སྣང་། ༨ གནམ་གྱི་འོད་མདངས་ཆེ་བ་རྣམས་ཁྱོད་ཐོག་མུན་པར་བྱས་ནས། ཁྱོད་ཀྱི་ཡུལ་ཁམས་ནི་མུན་པའི་སྨག་རུམ་གྱིས་ཁྱབ་པར་བྱའོ། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་། ༩ ཡང་ངས་མི་བརྒྱུད་སོ་སོ་དང་། ཁྱོད་ལ་ཆ་མེད་པའི་ཡུལ་རྣམས་ནང་ཁྱོད་ཚར་གཅོད་པའི་འཕྲིན་སྐྱེལ་དུས་སུ། ངས་མི་རིགས་མང་པོའི་སྙིང་དཀྲུག་པར་བྱ། ༡༠ དེ་མ་ཟད་ངས་ཉིད་ཀྱི་རལ་གྲི་དེ་དག་གི་མདུན་དུ་གདེང་དུས་སུ། ཁྱོད་ཀྱིས་རྐྱེན་ཏེ་མི་སྡེ་མང་པོའི་སྙིང་ཆག་ཅིང་། དེ་དག་གི་རྒྱལ་པོ་རྣམས་ཁྱོད་ཀྱིས་རྐྱེན་ཏེ་རབ་ཏུ་དངང་སྐྲག་ཅིང་། ཁྱོད་ལྟུང་བའི་ཉིན་མོར་མི་རེ་རེ་རང་རང་གི་སྲོག་གི་དོན་དུ་ཡུད་རེ་བཞིན་འདར་བར་འགྱུར་རོ༎
༡༡ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། བཱ་བེལ་རྒྱལ་པོའི་རལ་གྲི་ཁྱོད་ཐོག་སླེབ་འོང་སྟེ། ༡༢ མི་བརྒྱུད་རྣམས་ཀྱི་ནང་ན་དེ་ཚོ་ཚང་མ་དྲག་ཤུལ་ཅན་ཡིན་པའི་དཔའ་བོའི་རལ་གྲི་རྣམས་ཀྱིས་ངས་ཁྱོད་ཀྱི་དམག་ཚོགས་བརྡབ། དེ་ཚོས་མི་སེར་གྱི་ང་རྒྱལ་དེ་བཅག་སྟེ། དེའི་དམག་ཚོགས་ཀུན་མེད་པར་བྱའོ། ༡༣ ཡང་ཆུ་ཆེན་པོ་རྣམས་ཀྱི་འགྲམ་ལ་ཡོད་པའི་དུད་འགྲོ་ཚང་མ་ཚར་དུ་གཅད། དེ་ཕྱིན་ཆད་དེ་དག་མིའི་རྐང་པའམ། དུད་འགྲོའི་རྨིག་པས་ཀྱང་རྙོག་པར་མི་འགྱུར་རོ། ༡༤ དེ་ནས་ངས་དེའི་ཆུ་རྣམས་རྙོག་པ་མེད་པ་དང་། དེ་དག་གི་གཙང་པོ་རྣམས་འབྲུ་མར་ལྟ་བུར་རྒྱུག་ཏུ་གཞུག་གོ། ཡ་ཧོ་ཝཱ་གཙོ་བོས་གསུང་། ༡༥ ངས་མི་སེར་ཡུལ་སྟོང་པ་དང་། ཡུལ་ནང་ཡོད་པ་ཚང་མ་བཅོམ་སྟེ། དེའི་ནང་དུ་གཞིས་ཆགས་པ་ཐམས་ཅད་ལ་རྡེག་པར་བྱ་དུས། དེ་དག་གིས་ང་ནི་ཡ་ཧོ་ཝཱ་ཡིན་པ་རྟོགས་པར་འགྱུར་རོ༎
༡༦ འདི་ནི་དེའི་དོན་ལ་མྱ་ངན་བྱེད་པའི་སྡུག་གླུ་སྟེ། མི་བརྒྱུད་སོ་སོའི་བུ་མོ་རྣམས་ཀྱིས་དེའི་དོན་དུ་མྱ་ངན་བྱེད་ཅིང་། དེ་དག་གིས་དེའམ་མི་སེར་དང་། དེའི་དམག་ཚོགས་ཀུན་གྱི་ཕྱིར་དུ་ཆོ་ངེས་བྱེད་པར་འགྱུར། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
༡༧ ལོ་བཅུ་གཉིས་པའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་པར། བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༡༨ ཀྱེ་མིའི་བུ། མི་སེར་དམག་ཚོགས་ཕྱིར་ཆོ་ངེས་བྱོས་ལ། ས་དོང་ནང་འབབ་མཁན་རྣམས་དང་བཅས་དེ་དང་། སྙན་གྲགས་ཆེ་བའི་མི་བརྒྱུད་ཀྱི་བུ་མོ་རྣམས་སའི་འོག་གི་གནས་རྣམས་སུ་དབྱུག་ཅིག ༡༩ ཁྱོད་བྱད་ལེགས་ནང་སུ་ལས་དྲག ད་བོབས་ཤིག མདུན་ལྤགས་མ་བཅད་པ་དང་ལྷན་ཅིག་ཏུ་ཉལ་སྡོད་ཅིག ༢༠ དེ་དག་རལ་གྲིས་བཀུམ་པའི་དཀྱིལ་དུ་ལྟུང་འོང་། མོ་ནི་རལ་གྲིར་བཏད་ཟིན་པས། དེ་དང་དེའི་དམག་ཚོགས་དྲུད་དེ་ཁྱེར་ཞིག ༢༡ དཔའ་བོའི་ནང་ན་སྟོབས་པོ་ཆེ་ལགས་པ་དེས་ནི། དེ་དང་དེའི་ར་མདའ་རྣམས་ལ་གཤིན་ཡུལ་གྱི་དཀྱིལ་ནས་གླེང་བར་འགྱུར། དེ་དག་ཐུར་དུ་བབས་ཏེ། མདུན་ལྤགས་མ་བཅད་པ་དེ་དག་རལ་གྲིས་བཀུམ་ནས་འདའ།
༢༢ ཨ་སུར་དང་། དེའི་མི་ཚོགས་ཐམས་ཅད་ཀྱང་དེ་རུ་འདུག དེའི་ཕྱོགས་ཀུན་ཏུ་དེ་དག་གི་དུར་ཁུང་རྣམས་འདུག དེ་ཐམས་ཅད་རལ་གྲིས་བརྡབ་སྟེ་བཀུམ་པའོ། ༢༣ ས་དོང་གི་རྩིག་འགྲམ་ན་དེ་དག་གི་དུར་ཁུང་ཡོད། དེའི་དུར་ཁུང་གི་མཐའ་འཁོར་ན་དེའི་མི་ཚོགས་ཡོད། དེ་ཀུན་བསད་པ་དང་རལ་གྲིས་བརྡབས་པ་ཡིན། གསོན་ཡུལ་ནང་འདི་དག་ནི་འཇིགས་སུ་རུང་བ་ཡོད་པ་ཡིན།
༢༤ ཨེ་ལམ་ཡང་དེ་ནང་གདའ། དེའི་དུར་ཁུང་ལ་འཁོར་ནས་དེའི་དམག་ཚོགས་ཚང་མ་འདུག དེ་ཐམས་ཅད་བསད་ནས་རལ་གྲིས་བསྙལ་བ་ཡིན། མདུན་ལྤགས་མ་བཅད་པར་སའི་འོག་གི་གནས་རྣམས་སུ་བབས་སོང་། གསོན་ཡུལ་དུ་འདི་དག་འཇིགས་སུ་རུང་བ་ཡོད་པ་ཡིན། ད་ས་དོང་ནང་འབབ་མཁན་རྣམས་དང་ལྷན་ཅིག་ཏུ་ངོ་ཚ་ཕོག་བྱུང་། ༢༥ དེ་དང་དེའི་དམག་ཚོགས་ཀུན་གྱི་དོན་དུ་བསད་པའི་རོ་གསེབ་ཏུ་མལ་ཆ་བསྒྲིགས་འདུག དེ་ལ་འཁོར་ནས་དེའི་རོ་ཁང་རྣམས་འདུག དེ་ཚང་མ་མདུན་ལྤགས་མ་བཅད་པ་དང་། རལ་གྲིས་བཀུམ་པ་སྟེ། གསོན་ཡུལ་དུ་དེ་དག་འཇིགས་སུ་རུང་བ་ལགས་མོད། ད་ས་དོང་ནང་འབབ་མཁན་དང་མཉམ་དུ་ངོ་ཚ་འཕོག་ནས། བསད་པའི་རོ་གསེབ་ཏུ་ཁོ་ནི་བཞག་འདུག་གོ།
༢༦ མེ་ཤེག་དང་། ཐུ་བལ་དང་། དེའི་མི་ཚོགས་ཀུན་ཡང་དེ་ན་འདུག དེ་ལ་འཁོར་ནས་དེའི་རོ་ཁང་རྣམས་འདུག དེ་ཚང་མ་མདུན་ལྤགས་མ་བཅད་པ་དང་། རལ་གྲིས་བཀུམ་པ་སྟེ། གསོན་ཡུལ་དུ་དེ་དག་འཇིགས་སུ་རུང་བ་ལགས་མོད། ༢༧ རང་གི་མཚོན་ཆ་དང་བཅས་གཤིན་ཡུལ་དུ་བབ་སོང་བའི་སྔར་གྱི་དཔའ་བོ་དམག་རྩལ་ཅན་གྱི་མཆན་དུ་རང་གི་མགོ་འོག་ཏུ་རང་གི་རལ་གྲི་བཞག་ཡོད་པ་འདི་རྣམས་ཉལ་བར་མི་འགྱུར་ཏེ། རང་གི་རུས་པའི་ཁར་རང་གི་ཉེས་སྡིག་བཀལ་ཡོད། གསོན་ཡུལ་དུ་འདི་དག་འཇིགས་སུ་རུང་བ་ཡོད་པ་ཡིན།
༢༨ ཁྱོད་ཀྱང་མདུན་ལྤགས་མ་བཅད་པའི་ཁྲོད་དུ་གཏུབ་ཅིང་། རལ་གྲིས་བསད་པའི་རོ་གསེབ་ཏུ་ཉལ་བར་འགྱུར།
༢༩ ཨེ་དོམ་ཡང་རང་གི་རྒྱལ་པོ་དང་སྐུ་དྲག་ཚང་མ་མཉམ་དེ་ན་འདུག དེ་དག་ལ་སྟོབས་ཤུགས་ཡོད་ཀྱང་། རལ་གྲིས་བཀུམ་པའི་རོའི་གསེབ་ཏུ་བསྙལ་ནས་འདུག མདུན་ལྤགས་མ་བཅད་པ་དང་ས་དོང་ནང་འབབ་མཁན་རྣམས་དང་བཅས་ཉལ་བར་འགྱུར།
༣༠ བྱང་གི་རྒྱལ་ཕྲན་ཚང་མ་དང་། ཚི་དོན་པ་ཐམས་ཅད་ཀྱང་བསད་པའི་རོ་མཉམ་བབ་སོང་བ་རྣམས་དེ་ན་འདུག རང་གི་སྟོབས་དང་འཇིགས་སུ་རུང་བའི་ནང་ནས་སྐྱེངས་པ་ཡིན། མདུན་ལྤགས་མ་བཅད་པ་དེ་རྣམས་རལ་གྲིས་བཀུམ་པའི་རོ་གསེབ་ཏུ་ཉལ་ཞིང་། ས་དོང་ནང་འབབ་མཁན་དང་མཉམ་དུ་རང་གི་ངོ་ཚ་ཐོགས་སོ༎
༣༡ དེ་དག་ཕར་ཨོས་མཐོང་ནས། རང་གི་དམག་ཚོགས་ཚང་མའི་ཕྱིར་སེམས་གསོ་རྙེད་ཡོང་། ཕར་ཨོ་དང་དེའི་དམག་ཚོགས་ཚང་མ་རལ་གྲིས་བཀུམ་ནས་འདུག ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་། ༣༢ གང་ལ་ཞེ་ན། གསོན་ཡུལ་དུ་ངས་རང་གི་འཇིགས་སྐྲག་བསྟན་པས། མདུན་ལྤགས་མ་བཅད་པ་དང་། རལ་གྲིས་བསད་པའི་རོ་གསེབ་ཏུ་ཕར་ཨོ་དང་། དེའི་དམག་ཚོགས་ཚང་མ་ཉལ་བར་འགྱུར་རོ། ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎