༣༣
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ། ༢ ཀྱེ་མིའི་བུ། ཁྱོད་ཀྱིས་རང་གི་མི་སྡེའི་བུ་རྣམས་ལ་གཏམ་བྱེད་ཅིང་འདི་སྐད་སྨྲོས་ཤིག ངས་ཡུལ་ཞིག་ནང་རལ་གྲི་འདྲོངས་དུས་སུ། ཡུལ་མིས་རང་གི་ནང་ནས་མི་ཞིག་བསྐོས་ཏེ། དེ་དག་གི་སོ་པར་བཞག་ནས། ༣ དེས་རང་གི་ཡུལ་ནང་རལ་གྲི་སླེབ་པ་མཐོང་བའི་ཚེ། དམག་དུང་འབུད་ཅིང་མི་སྡེ་ལ་བརྡ་སྦྱིན་ན། ༤ དེ་ནས་སུས་ཀྱང་དུང་གི་སྐད་ཐོས་ཤིང་བྱ་ར་མི་བྱེད་པར། རལ་གྲི་སླེབ་ཅིང་མི་དེ་གསོད་ན། དེའི་ཁྲག་ནི་དེ་རང་གི་མགོར་འབབ་པར་འགྱུར། ༥ དེས་དུང་སྐད་ཐོས་ནས་བྱ་ར་མ་བྱས་པས། དེའི་ཁྲག་དེ་རང་གི་ཐོག་ཏུ་འབབ་པར་འགྱུར། འོན་ཀྱང་བྱ་ར་བྱེད་མཁན་གྱིས་རང་སྲོག་སྐྱོབ་པར་འགྱུར། ༦ འོན་ཀྱང་གལ་ཏེ་སོ་པས་རལ་གྲི་སླེབ་པ་མཐོང་བཞིན་དུ། དུང་མ་ཕུ་བར། མི་སྡེ་ལ་བརྡ་མ་བྱིན་པར། རལ་གྲི་དེ་སླེབ་ཅིང་། དེ་དག་གི་ཁྲོད་ནས་མི་སུ་ཞིག་འཕྲོག་འཁྱེར་ན། མི་དེ་རང་གི་མི་དགེ་བའི་ནང་ན་ཁྱེར་བས། དེའི་ཁྲག་ངས་སོ་པ་དེའི་ལག་ནས་རྩོད་པར་བྱའོ༎༧ དེ་བས་ན་ཀྱེ་མིའི་བུ། ངས་ཁྱོད་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་སོ་པར་བསྐོས་པས། ངའི་ཞལ་གྱི་བཀར་ཉོན། ངའི་ཕྱོགས་ལས་དེ་དག་ལ་གཅང་སྐུལ་གྱིས་ཤིག ༨ ངས་སྡིག་སྤྱོད་ལ། ཁྱོད་འཆི་བ་གདོན་མི་ཟའོ་གསུང་བའི་ཚེ་ན། ཁྱོད་ཀྱིས་སྡིག་སྤྱོད་ལ། དེའི་ལམ་སྤོང་དུ་གཅང་སྐུལ་མི་གཏོང་ན། སྡིག་སྤྱོད་དེ་རང་གི་མི་དགེ་བའི་ནང་ན་འཆིའི། དེའི་ཁྲག་ངས་ཁྱོད་ཀྱི་ལག་ནས་རྩོད་པར་བྱའོ། ༩ འོན་ཀྱང་ཁྱོད་ཀྱིས་སྡིག་སྤྱོད་དེའི་ལམ་སྤོང་དུ་སྐུལ་གྱིས། དེ་རང་གི་ལམ་ནས་མ་ལོག་ན། དེ་ནི་རང་གི་མི་དགེ་བའི་ནང་ན་འཆིའི། ཁྱོད་ཀྱིས་རང་སྲོག་སྐྱོབ་པ་ཡིན།
༡༠ དེས་ན་ཀྱེ་མིའི་བུ། ཨིས་ར་ཨེལ་ཕ་སྤད་ལ་གཏམ་བྱེད་ཅིང་དེ་དག་ལ། ཁྱོད་ཚོས་ངེད་རང་གི་མཚམས་མེད་པ་དང་སྡིག་པ་རྣམས་རང་གི་ཤུལ་རྒྱབ་ཏུ་ཡོད་ཅིང་། དེ་དག་གི་ནང་ན་ངེད་ཟད་འགྲོ་བས། ངེད་ཅག་ཇི་ལྟར་གསོན་པར་འགྱུར་རོ་ཟེར། ཞེས་གྱིས་ཤིག ༡༡ དེ་ཚོར་འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་དུ། སྡིག་སྤྱོད་ནི་རང་གི་ལམ་ལས་ལོག་ཅིང་གསོན་དུ་མ་གཏོགས། སྡིག་སྤྱོད་འཆི་བའི་ནང་ན་ང་ལ་དགའ་བ་ཅིའང་མེད་དོ། ཞེས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་འཛུག་ཅིང་གསུང་། ད་ཁྱོད་ཅག་ལོག་ལ། རང་གི་ལམ་ངན་པ་རྣམས་ནས་ལོག་ཅིག ཀྱེ་ཨིས་ར་ཨེལ་གྱི་ཕ་སྤད། ཁྱོད་ཅག་ཅི་ལ་འཆི་བར་འདོད། ༡༢ དེ་བས་ན་ཀྱེ་མིའི་བུ། རང་གི་མི་སྡེའི་བུ་རྣམས་ལ་འདི་སྐད་གྱིས་ཤིག ཆོས་དྲང་པོའི་དྲང་བ་ཉིད་ཀྱིས་མི་དེ་འགལ་དུས་སུ་སྐྱོབ་པར་མི་འགྱུར་གྱིས། སྡིག་སྤྱོད་ཀྱི་ལས་ངན་ནི། དེས་རང་གི་ལས་ངན་ལས་ལོག་དུས་སུ། རང་གི་ལས་ངན་གྱིས་རྐྱེན་ཏེ་ལྟུང་བར་མི་འགྱུར། ཆོས་དྲང་པོས་སྡིག་པ་བྱེད་དུས་སུ་རང་གི་དྲང་བ་ཉིད་ཀྱིས་འཚོ་བར་ཡང་མི་འགྱུར། ༡༣ ཇི་སྟེ་ངས་ཆོས་དྲང་པོར། ཁྱོད་འཚོ་བ་གདོན་མི་ཟའོ། གསུང་དུས་སུ། གལ་ཏེ་དེས་རང་གི་དྲང་བ་ཉིད་ལ་བློ་གཏད་ནས་མི་དགེ་བ་སྤྱོད་ན། དེའི་དྲང་བ་ཉིད་ཀྱི་ལས་གང་ཡང་དྲན་པར་མི་བྱའི། དེས་བྱས་པའི་མི་དགེ་བའི་རྐྱེན་གྱིས་འཆི་བར་འགྱུར།
༡༤ ཡང་ཇི་སྟེ་ངས་སྡིག་སྤྱོད་ལ། ཁྱོད་འཆི་བ་གདོན་མི་ཟའོ་གསུང་དུས་སུ། གལ་ཏེ་དེ་རང་གི་སྡིག་པ་ལས་ལོག་ཅིང་། རིགས་པ་དང་འོས་པ་བཞིན་དུ་སྤྱོད་ནས། ༡༥ སྡིག་སྤྱོད་དེས་གཏེ་པ་དེ་ཕྱིར་བཟློགས་ཏེ། བཅོམ་པ་དེ་ཕྱིར་ལོག་བྱིན་ཏེ། ཚེའི་བཀའ་ཁྲིམས་དང་བསྟུན་ཏེ་འགྲུལ་ནས། མི་དགེ་བ་ཅིའང་མ་སྤྱད་ན། དེ་འཚོ་བ་ངེས་ཏེ་མི་འཆི། ༡༦ དེས་བྱས་པའི་སྡིག་པའི་ནང་ནས་གཅིག་ཀྱང་དྲན་པར་མི་འགྱུར་གྱིས། དེས་རིགས་པ་དང་འོས་པ་བཞིན་དུ་བྱས་པས། འཚོ་བ་ནི་གདོན་མི་ཟའོ༎
༡༧ དེའི་སྟེང་དུའང་ཁྱོད་ཀྱི་མི་སྡེའི་བུ་རྣམས་ཀྱིས། ཡ་ཧོ་ཝཱའི་མཛད་ལུགས་ཀུན་སྙོམས་པོ་མེད་དོ་ཟེར་གྱིས། དེ་ནི་དེ་དག་རང་གི་བྱེད་ལུགས་ཀུན་སྙོམས་པོ་མེད་པའི་སྐྱོན་ནོ། ༡༨ གལ་ཏེ་ཆོས་དྲང་པོས་རང་གི་ཆོས་དྲང་པོ་སྤངས་ཏེ། མི་དགེ་བ་སྤྱོད་ན། ཁོ་ནི་འཆི་བ་ཤ་སྟག་གོ། ༡༩ འོན་ཀྱང་སྡིག་སྤྱོད་རང་གི་སྡིག་པ་སྤངས་ཏེ། རིགས་པ་དང་འོས་པ་བཞིན་དུ་སྤྱོད་ན། ཁོ་ནི་དེས་འཚོ་བར་འགྱུར་རོ། ༢༠ དེའི་སྟེང་དུའང་ཡ་ཧོ་ཝཱའི་མཛད་ལུགས་ཀུན་སྙོམས་པོ་མེད་དོ་ཟེར་བས། ཀྱེ་ཨིས་ར་ཨེལ་ཕ་སྤད། ངས་ཁྱོད་ཀྱི་ནང་ནས་རེ་རེ་ལ། དེའི་བྱེད་ལུགས་དང་བསྟུན་ཏེ་ཁྲིམས་གཅོད་པར་བྱའོ༎
༢༡ ངེད་ཅག་གཉའ་ཡལ་བའི་ལོ་བཅུ་གཉིས་པའི་ཟླ་བ་བཅུ་པའི་ཚེས་ལྔ་པ་ལ། ཡེ་རུ་ཤ་ལེམ་ནས་བྲོས་པའི་མི་ཞིག་ངའི་དྲུང་དུ་འོངས་ནས། རྒྱལ་ས་ནི་ཆག་ཟིན་སྨྲས་བྱུང་། ༢༢ དེའང་བྲོས་མཁན་དེ་མ་བསླེབ་པའི་དགོངས་མོར་ཡ་ཧོ་ཝཱའི་ཕྱག་ནི་ངའི་སྟེང་དུ་མཆིས་པས། ནང་པར་མི་དེ་ངའི་རྩར་མ་སླེབ་པའི་སྔར་ངའི་ཁ་ནི་ཕྱེས་པར་མཛད་ནས་ཡོད་དེ། ངའི་ཁ་བྱེས་ནས་ཡོད་པས། དེ་ཚུན་ཆད་དུ་ལྐུགས་པར་མ་ལུས་སོ༎
༢༣ དེ་ནས་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༢༤ ཀྱེ་མིའི་བུ། ཨིས་ར་ཨེལ་གྱི་ས་གཞི་སྟོངས་པ་རྣམས་ནང་གནས་པའི་མི་རྣམས་ཀྱིས། ཨབ་ར་ཧམ་ནི་མི་གཅིག་གཅིག་ལགས་མོད། ཡུལ་འདི་ཟ་སྐལ་དུ་ཐོབ་པ་ཡིན། འོན་ཀྱང་ངེད་ཅག་མི་མང་བ་ལ། ཡུལ་འདི་ནོར་སྐལ་དུ་བྱིན་པ་ལགས་ཟེར་བས། ༢༥ ཁྱོད་ཀྱིས་དེ་དག་ལ་འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཁྱོད་ཚོས་ཁྲག་དང་སྦྲག་ནས་ཟ། རང་གི་སྐུ་འདྲའི་ཕྱོགས་སུ་མིག་འདེགས། སྲོག་ཀྱང་གཅོད་དེ། ཁྱོད་ཚོས་ཡུལ་འདི་བདོག་པར་འགྱུར་རམ། ༢༦ ཁྱོད་ཅག་རང་གི་རལ་གྲིར་རྟེན། ལས་མི་གཙང་བ་སྤྱོད། ཚང་མས་རང་གི་ཁྱིམ་མཚེས་པའི་ཆུང་མ་བརླགས་འཇུག་སྟེ། ཁྱོད་ཚོས་ཡུལ་འདི་བདོག་པར་འགྱུར་རམ། ༢༧ ཁྱོད་ཀྱིས་དེ་ཚོར་འདི་སྐད་སྦྲོན་ཞིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ང་ཉིད་ཀྱི་གསོན་པ་ཉིད་དཔང་དུ་འཛུག སྟོངས་པའི་ས་ཆར་ཡོད་པ་དག་རལ་གྲིས་རྡབ་པར་འགྱུར། ཐང་ཡན་ནང་ཡོད་པ་དག་གཅན་གཟན་གྱི་གཟན་དང་། རྫོང་དང་བྲག་ཕུག་ནང་ཡོད་པ་དག་རིམས་ནད་ཀྱིས་འཆི་བར་འགྱུར། ༢༨ དེ་ཅིའི་ཕྱིར་ཞེ་ན། ངས་ཡུལ་འདི་རབ་ཏུ་སྟོང་པར་བྱ་བ་དང་། དེའི་སྟོབས་ཤུགས་ཀྱི་ང་རྒྱལ་ཉམས་ཏེ། ཨིས་ར་ཨེལ་གྱི་རི་རྣམས་སྟོངས་ཤིང་། དེའི་ནང་དུ་རྒྱུ་མཁན་ཙམ་ཡང་མི་འབྱུང་སྟེ། ༢༩ ངས་དེ་དག་གིས་བྱས་པའི་ལས་གྲིབ་ཅན་ཐམས་ཅད་ཀྱི་ཕྱིར། ཡུལ་འདི་རབ་ཏུ་སྟོང་པ་བྱེད་དུས་སུ། དེ་དག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎
༣༠ ད་ཀྱེ་མིའི་བུ། མི་སྡེའི་བུ་རྣམས་ཀྱིས་རྩིག་པ་དང་ཁང་པའི་སྒོ་རྣམས་ཀྱི་དྲུང་ན་ད་དུང་ཡང་ཁྱོད་སྐོར་གཏམ་གླེང་ཞིང་། གཅིག་གིས་གཅིག་དང་། ཀུན་གྱིས་རང་གི་སྤུན་ལ། ཚུར་ཤོག ཡ་ཧོ་ཝཱ་ལས་འབྱུང་བའི་གསུང་ལ་ཉོན་ཅིག་ཟེར། ༣༡ དེ་དག་མི་སྡེའི་འོང་ལུགས་སུ་ཁྱོད་དྲུང་འོང་། ངའི་མི་སྡེའི་ཚུལ་དུ་ཁྱོད་དྲུང་སྡོད་ཅིང་། ཁྱོད་ཀྱི་གཏམ་ལ་ཉན་རུང་། དེ་བཞིན་དུ་མི་སྤྱོད། དེ་ཅིའི་ཕྱིར་ཞེ་ན། དེ་ཚོའི་ཁ་ནས་གཅེས་འཛིན་སྟོན་གྱིས། སྙིང་ནི་བརྣབས་སེམས་ཀྱི་རྗེས་སུ་འབྲང་ངོ་། ༣༢ ཡང་ཁྱོད་ནི་དེ་ཚོའི་མདུན་དུ་སྙན་པའི་གླུ་དང་གྲེ་བ་ལེགས་ཤིང་། རོལ་མོར་མཁས་པའི་མི་དང་འདྲའོ། གང་ལ་ཞེ་ན། དེ་ཚོས་ཁྱོད་ཀྱི་གཏམ་ཐོས་ནས་ཀྱང་། དེ་བཞིན་དུ་མི་སྤྱོད་དོ། ༣༣ ལྟོས། དེ་བཞིན་དུ་འབྱུང་ཡོང་། དེ་བཞིན་འབྱུང་དུས་སུ། དེ་ཚོས་རང་གི་དཀྱིལ་ན་ལུང་སྟོན་པ་ཞིག་ཡོད་པ་ཡིན་རྟོགས་པར་འགྱུར་རོ༎