༣༡
ཡང་ལོ་བཅུ་གཅིག་པའི་ཟླ་བ་གསུམ་པའི་ཚེས་དང་པོ་ལ། བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུངས།  ཀྱེ་མིའི་བུ། མི་སེར་རྒྱལ་པོ་ཕར་ཨོ་དང་། དེའི་མི་ཚོགས་ལ་འདི་ལྟར་གྱིས་ཤིག ཆེ་ཁྱད་ནང་ཁྱོད་སུ་དང་འདྲ།  ཀྱེ་ཧོ། ཨ་སུར་པ་ནི་ལི་བ་ནོན་གྱི་འགྱམ་ཤིང་ཞིག་སྟེ། དེའི་ཡལ་འདབ་མཛེས་ཤིང་། གྲིབ་བསིལ་ལྡན་པའི་ཡལ་ག་དང་ལྡན་ཏེ། ཤིན་ཏུ་མཐོ་ཞིང་། ཤིང་རྩེ་ནི་སྤྲིན་གསེབ་བར་དུ་ཡོད་པ་ཞིག་ལགས་ཏེ།  ཆུ་རྣམས་ཀྱིས་དེ་ཆེ་བར་བྱས། དེའི་ལག་ཚུགས་ཀྱི་མཐའ་འཁོར་དུ་འབྲུབ་པའི་ཆུ་ཀླུང་རྣམས་གཏིང་ཟབ་པོས་རྒྱག་ཏུ་བཅུག་སྟེ། ཆུ་ཕྲན་རྣམས་ཐང་གི་སྐྱེ་ཤིང་ཀུན་ལ་རྒྱུག་བཅུག  དེས་འབྲུབ་འཇུག་པའི་ཆུ་རྣམས་མོད་པོའི་རྐྱེན་གྱིས། ཐང་གི་ཤིང་ཀུན་ལས་དེའི་མཐོ་ཁྱད་འཕགས་ཤིང་། ཡལ་ག་མང་དུ་རྒྱས་ཏེ། ཡལ་འདབ་རྣམས་རིང་བ་སོང་།  གནམ་གྱི་འདབ་ཆགས་ཐམས་ཅད་ཀྱིས་དེའི་ཡལ་འདབ་ཀྱི་གསེབ་ན་ཚང་བྱས། ཐང་གི་བྱོལ་སོང་ཐམས་ཅད་ཀྱིས་དེའི་ཡལ་གའི་ལྐོག་ཏུ་ཕྲུ་གུ་སྐྱེས། མི་བརྒྱུད་ཆེན་པོ་ཐམས་ཅད་ཀྱང་དེའི་བསིལ་གྲིབ་ཏུ་བསྡད་པ་ཡིན།  དེ་ལྟར་དེའི་རྩ་བ་ཆུ་ཆེན་པོ་རྣམས་ཀྱི་འགྲམ་དུ་ཡོད་པས། རང་གི་མཐོ་ཁྱད་དང་ཡལ་འདབ་རིང་སྟབས་ཀྱིས་སྙིང་སྡུག་ཡོད་པ་ཡིན།  དཀོན་མཆོག་གི་སྐྱེད་མོས་ཚལ་གྱི་འགྱམ་ཤིང་གིས་ཀྱང་དེ་སྒྲིབ་མ་ནུས་པར། ཐང་ཤིང་ཡང་དེའི་ཡལ་གའི་ཚད་དུ་མ་ཕྱིན། རྒྱ་གར་སྟར་ཀ་ཡང་དེའི་ཡལ་གའི་ཚད་དུ་མ་ཕྱིན་ཏེ། དཀོན་མཆོག་གི་སྐྱེད་ཚལ་གྱི་སྐྱེ་ཤིང་ཡང་དེ་ལྟ་བུ་སྡུག་པ་མེད་པ་ཡིན།  དེའི་ཡལ་འདབ་མོད་པོའི་སྒོ་ནས་ངས་དེ་ཡིད་དུ་འོང་བར་བྱས་པས། དཀོན་མཆོག་གི་སྐྱེད་ཚལ་གྱི་ནང་ན་ཡོད་པའི་ཨེ་དེན་གྱི་སྐྱེ་ཤིང་ཡོད་དོ་ཅོག་དེ་ལ་ཚིགས་པ་ཡིན་ནོ༎
༡༠ དེས་ན་ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། དེ་གང་ལ་ཞེ་ན། ཁྱོད་ཀྱིས་རང་མཐོ་སར་བཏེགས་ཏེ། སྤྲིན་ཕུང་གི་ནང་དེས་རང་གི་རྩེ་མོ་ཡར་བཏེགས་ཏེ། རང་གི་མཐོ་ཁྱད་ཀྱི་ཕྱིར་སྙིང་ང་རྒྱལ་གྱིས་བསྙེམས་པའི་སླད་དུ། ༡༡ ངས་ཕྱི་པའི་ཤུགས་ལྡན་དེའི་ལག་པར་ཁོ་བཏད་པས། དེས་དེ་ལ་ཇི་ཡང་བྱེད་པར་འགྱུར། དེའི་ངན་རྒྱུད་ཀྱི་ཕྱིར་ངས་དེ་མཐའ་ལ་སྤྱུགས་པ་ཡིན། ༡༢ མི་རིགས་རྣམས་ཀྱི་ནང་ན་འཇིགས་སུ་རུང་བའི་མི་ཡན་རྣམས་ཀྱིས་དེ་བཏུབ་ནས་དབྱུགས་པས། རི་ལུང་ཐམས་ཅད་ནང་དེའི་ཡལ་ག་ལྷུང་སྟེ། ཡུལ་ཁམས་ཀྱི་གཙང་པོ་ཐམས་ཅད་ཀྱི་འགྲམ་ན་དེའི་ཡལ་ག་རྣམས་ཆག་ནས་ཡོད། ས་གཞིའི་མི་སྡེ་ཐམས་ཅད་དེའི་བསིལ་གྲིབ་ལས་འཐོན་ཏེ། དེ་སྤངས་སོ། ༡༣ གནམ་གྱི་འདབ་ཆགས་ཐམས་ཅད་ཕུང་བ་དེའི་ཁར་སྡོད་དེ། ཐང་གི་བྱོལ་སོང་ཀུན་དེའི་ཡལ་གའི་སྟེང་དུ་སྡོད་པར་འགྱུར་རོ། ༡༤ དེ་ཅིའི་ཕྱིར་ཞེ་ན། དེ་ཕྱིན་ཆད་ཆུ་འགྲམ་གྱི་སྐྱེ་ཤིང་ཐམས་ཅད་ཀྱི་ནང་ནས་གང་གིས་ཀྱང་རང་གི་མཐོ་ཁྱད་ཀྱི་ཕྱིར་རང་མཐོང་མི་སྐྱེད་པ་དང་། རང་གི་རྩེ་མོ་སྤྲིན་གསེབ་ཏུ་མི་འདེགས་པ་དང་། ཆུ་འཐུང་བའི་ཤིང་གང་གིས་ཀྱང་རང་གི་མཐོ་ཁྱད་ཀྱི་ཕྱིར་ཀྲོང་ཀྲོང་མི་བྱེད་པའི་ཕྱིར་རོ། དེ་ཅི་ལ་ཞེ་ན། དེ་ཐམས་ཅད་འཆི་བ་ལ་བཏད་ཟིན་པས། སའི་འོག་གནས་སུ་མིའི་བུའི་ཁྲོད་དུ་དོང་ནང་འབབ་པ་རྣམས་དང་བཅས་ཡོད་དོ༎
༡༥ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། དེ་གཤིན་ཡུལ་དུ་འབབ་པའི་ཉིན་མོར་ཁོའི་ཕྱིར་མྱ་ངན་བྱེད་དུ་ངས་གཏིང་ཟབ་པོ་དེ་འགེབས་ཤིང་། དེའི་གཙང་པོ་རྣམས་འགེགས་ཤིང་། ཆུ་ཆེན་པོ་རྣམས་བསྡམས་ནས་བཞག ལི་བ་ནོན་ལ་ངས་དེའི་དོན་དུ་ཆོ་ངེས་བྱེད་དུ་བཅུག དེའི་རྐྱེན་གྱིས་ཐང་གའི་སྐྱེ་ཤིང་ཐམས་ཅད་བརྒྱལ་ཏེ། ༡༦ ངས་དེ་དོང་ནང་འབབ་མཁན་དག་དང་ལྷན་ཅིག་ཏུ་གཤིན་ཡུལ་ནང་འབེབས་དུས་སུ། དེ་ལྟུང་བའི་སྒྲ་སྐད་ཀྱིས་མི་རིགས་ཀུན་འདར་དུ་བཅུག་པ་ཡིན། ཡང་ཨེ་དེན་གྱི་ཤིང་ཐམས་ཅད་དང་། ལི་བ་ནོན་གྱི་ཤིང་བཟང་རིགས་བཟང་ཤོས་དང་། ཆུ་འཐུང་བ་ཚང་མ་སའི་འོག་ཁང་རྣམས་ནང་སེམས་གསོ་ཐོབ་པར་འགྱུར། ༡༧ དེ་དག་ཀྱང་རལ་གྲིས་བཀུམ་པ་རྣམས་ཀྱི་དྲུང་དུ་གཤིན་ཡུལ་དུ་བབས་སོང་། དེས་མ་ཟད་ཁོའི་དཔུང་ཡ་ཡིན་ཞིང་། ཕྱི་པའི་དཀྱིལ་ན་དེའི་བསིལ་གྲིབ་ནང་བསྡད་པ་རྣམས་ཀྱང་དེར་བབས་སོང་།
༡༨ ད་ཁྱོད་ནི་དཔལ་དང་ཆེ་ཁྱད་ལ་ཨེ་དེན་གྱི་ལྗོན་པའི་ནང་ནས་གང་དང་མཚུངས། དེ་འདྲ་ཡོད་མོད། ཁྱོད་ཨེ་དེན་ལྗོན་པ་རྣམས་དང་བཅས་སའི་འོག་ཁང་རྣམས་ནང་དབབ། རལ་གྲིས་བཀུམ་པ་རྣམས་དང་བཅས་སུ་མདུན་ལྤགས་མ་བཅད་པའི་ཁྲོད་དུ་ཁྱོད་ཉལ་སྡོད་པར་འགྱུར། འདི་ནི་ཕར་ཨོ་དང་། ཁོའི་མི་ཚོགས་མཐའ་དག་ཡིན་ནོ། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎