༣༠
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ།  ཀྱེ་མིའི་བུ། ལུང་སྟོན་ཞིང་འདི་སྐད་གྱིས་ཤིག ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཉིན་མོ་དེའི་ཕྱིར་དུ་ཀྱི་ཧུད་ཀྱི་ཧུད་ཅེས་འབོད་སྒྲོག་ཅིག  དེ་ཅིའི་ཕྱིར་ཞེ་ན། ཞག་དེ་ཐག་ཉེ། ཡ་ཧོ་ཝཱའི་ཞག་དེ་ནི་ཉེ། སྤྲིན་དཀྲིག་པའི་ཞག་དེ་ནི་ཕྱི་པའི་དུས་ཚོད་ཡིན་པར་འགྱུར།  གང་ལྟར་ཞེ་ན། མི་སེར་པའི་ཐོག་ཏུ་རལ་གྲི་འབབ་ཅིང་། ཀུས་ཡུལ་ན་སྲོག་གཟེར་འབྱུང་བའི་ཚེ་ན། མི་སེར་ཡུལ་དུ་བཀུམ་པ་རྣམས་འགྱེལ་ཞིང་། ངའི་མི་ཚོགས་བཟུང་ནས་འཁྱེར་ཏེ། དེའི་རྩིག་རྨང་རྣམས་རློག་པར་འགྱུར།  ཀུས་དང་། ཕུད་དང་། ལུད་དང་། མི་སྡེ་འདྲེས་མ་ཐམས་ཅད་དང་། ཁུབ་དང་། འཆིང་ཡིག་བྱས་པའི་ཡུལ་ན་གནས་པའི་མི་རྣམས་ཀྱང་དེ་དག་དང་བཅས་རལ་གྲིས་རྡབ་པར་འགྱུར་རོ༎
 ཡ་ཧོ་ཝཱས་འདི་སྐད་གསུང་། མི་སེར་ལ་སྐྱོང་མཁན་རྣམས་ཀྱང་རྡབ་པར་འགྱུར་ཏེ། དེའི་སྟོབས་ཤུགས་ཀྱི་ང་རྒྱལ་ཆག་སྟེ། མིག་དོལ་ནས་སེ་ཡེ་ནེའི་རྫོང་གི་བར་དུ་དེ་དག་རལ་གྲིས་བསྙལ་བར་འགྱུར་རོ། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་།  དེ་ནས་དེ་དག་ཀྱང་སྟོངས་པའི་ཡུལ་གྱི་ཁྲོད་དུ་སྟོངས་ཤིང་། དེའི་གྲོང་ཁྱེར་རྣམས་གྲོང་ཁྱེར་གོག་པོ་རྣམས་ཀྱི་ཁྲོད་དུ་ཡུལ་གོག་ཏུ་འགྱུར་བར་འགྱུར།  ཡང་ངས་མི་སེར་ཡུལ་གྱི་ནང་ལ་མེ་སྦར་ཞིང་། དེའི་ར་མདའ་ཐམས་ཅད་མེད་པར་བྱ་དུས། དེ་དག་གིས་ང་ནི་ཡ་ཧོ་ཝཱ་ཡིན་པ་རྟོགས་པར་འགྱུར།  དེའི་ཉིན་མོར་སེམས་གཡེངས་ནས་བསྡད་པའི་ཀུས་པ་རྣམས་དཀྲོག་ཏུ། ངའི་ཕྱོགས་ནས་ཕོ་ཉ་རྣམས་གྲུའི་ནང་དུ་འགྲོ་བར་བྱ། མི་སེར་པའི་ཉིན་མོ་ལ་བྱུང་བ་ལྟར་དུ། དེ་དག་ལའང་སྲོག་གཟེར་འབྱུང་བར་འགྱུར་ཏེ། ལྟོས་ཤིག དེ་འོང་ངོ་༎
༡༠ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ངས་མི་སེར་གྱི་མི་ཚོགས་དེ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལག་གིས་ཚར་དུ་གཅད་དོ། ༡༡ དེ་རང་དང་དེའི་མི་སྡེ་མི་རིགས་ཀུན་གྱི་ནང་ན་དྲག་ཤུལ་ཅན་ཡིན་པ་ནི། ཡུལ་ཁམས་དེ་མེད་པར་བྱེད་དུ་འདྲེན་པར་བྱ་སྟེ། དེ་ཚོས་མི་སེར་ཡུལ་ལ་རལ་གྲི་བཏོན་ཅིང་། མི་རོས་ཡུལ་ཁམས་ཁེངས་པར་བྱ། ༡༢ ཡང་ངས་གཙང་པོ་རྣམས་སྐམ་དུ་བཅུག་སྟེ། ཡུལ་དེ་སྡིག་སྤྱོད་ཀྱི་ལག་ཏུ་འཚོང་ཞིང་། ཡུལ་ཁམས་དེ་དང་དེའི་ནང་དུ་ཡོད་པ་ཐམས་ཅད་ངས་བྱེས་མིའི་ལག་པས་སྟོངས་སུ་འཇུག་ཡོང་། ང་ཡ་ཧོ་ཝཱས་འདི་གསུངས་པ་ལགས་སོ༎
༡༣ ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ངས་འདྲ་སྐུ་རྣམས་ཀྱང་ཚར་དུ་གཅད། ནཱོབ་ཀྱི་ནང་ནས་སྐུ་འདྲ་རྣམས་མེད་པར་བྱ་སྟེ། དེ་ཕྱིན་ཆད་མི་སེར་ཡུལ་གྱི་ནང་ན་རྒྱལ་པོ་སུ་ཡང་མི་འབྱུང་སྟེ། ངས་མི་སེར་ཡུལ་གྱི་ནང་ན་འཇིགས་སྐྲག་ཅིག་འཇུག་པར་བྱའོ། ༡༤ ངས་ཕད་རོས་སྟོང་པ་དང་། ཚོ་ཨན་ལ་མེ་སྤར་ཞིང་། ནཱོ་ཡུལ་ལ་ཆད་པས་གཅད། ༡༥ ཡང་ངས་མི་སེར་གྱི་སྟོབས་ཤུགས་ཡིན་པའི་སིན་གྱི་ཐོག་ཏུ་ང་ཉིད་ཀྱི་ཁྲོ་གཏུམ་བླུག་ཅིང་། ནཱོའི་མི་ཚོགས་ཚར་དུ་གཅད། ༡༦ ཡང་ངས་མི་སེར་ཡུལ་ལ་མེ་སྤར་བ་དང་། སིན་ལ་སྲོག་གཟེར་དང་། ནཱོ་སིལ་བུར་ཆག་སྟེ། ནཱོབ་ཞག་རེ་བཞིན་མནར་བར་འགྱུར། ༡༧ ཨ་ཝེན་དང་པི་བེ་སེད་གཉིས་ཀྱི་གཞོན་ནུ་རྣམས་རལ་གྲིས་བརྡབ་ཅིང་། གྲོང་ཁྱེར་འདི་དག་བཙོན་དུ་འགྲོ་བར་འགྱུར། ༡༨ ངས་མི་སེར་གྱི་གཉའ་ཤིང་དེ་བཞིན་ཏེ་ཏཱ་ཕན་ཧེས་ཀྱི་ནང་ལ་གཅོག་དུས། དེར་ཡང་ཉིན་མོར་མུན་པ་འཐིབ་ཅིང་། དེའི་མཐུ་སྟོབས་ཀྱི་དཔལ་ཡལ་ཏེ། དེ་སྤྲིན་གྱིས་བཏུམ་སྟེ། དེའི་བུ་མོ་རྣམས་བཙོན་དུ་འགྲོ་བར་འགྱུར། ༡༩ དེ་ལྟར་ངས་མི་སེར་ལ་ཆད་པས་གཅད་ཡོང་། དེ་ནས་དེ་དག་གིས་ང་ནི་ཡ་ཧོ་ཝཱ་ཡིན་པ་རྟོགས་པར་འགྱུར་རོ༎
༢༠ ཡང་ལོ་བཅུ་གཅིག་པའི་ཟླ་བ་དང་པོའི་ཚེས་བདུན་པར། བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ། ༢༡ ཀྱེ་མིའི་བུ། ངས་མི་སེར་རྒྱལ་པོ་ཕར་ཨོའི་ཕྲག་པ་བཅག་ཡོད། ལྟོས། དེས་རལ་གྲི་འཆང་ནུས་པའི་ཆེད་དུ། དེ་གསོ་བར་བྱེད་པ་ལ་སྡོམ་པར་ཡང་མི་འགྱུར། རལ་སྒྲིལ་གྱིས་ཀྱང་སྡོམ་པར་མི་འགྱུར།
༢༢ དེས་ན་ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ལྟོས་ཤིག ངས་མི་སེར་རྒྱལ་པོ་ཕར་ཨོ་འཁོན་དུ་འཛིན་པས། དེའི་ཕྲག་པ་ཐང་པོ་དང་ཆག་པོ་གཉིས་པོ་གཅག དེའི་ལག་གི་ནང་ནས་རལ་གྲི་ལྟུང་དུ་གཞུག་ཡོང་། ༢༣ ཡང་ངས་མི་སེར་པ་རྣམས་མི་བརྒྱུད་ཀུན་གྱི་ནང་ན་གཏོར་ཞིང་། ཡུལ་སོ་སོའི་ནང་དུ་ཁྲེ་གཏོར་དུ་གཏོང་བར་བྱ། ༢༤ དེ་ནས་ངས་བཱ་བེལ་གྱི་རྒྱལ་པོའི་ཕྲག་པར་སྟོབས་འཇུག་ཅིང་། དེའི་ལག་པར་ངའི་རལ་གྲི་དེ་གཏོད་པར་བྱ། འོན་ཀྱང་ཕར་ཨོའི་ཕྲག་པ་གཅག་ཅིང་། དེས་རྨས་པའི་མི་འཆི་ལ་ཁད་པའི་འཁུན་སྒྲས་དེའི་དྲུང་དུ་འཁུན་སྒྲ་འབྱིན་པར་འགྱུར། ༢༥ འོན་ཀྱང་ངས་བཱ་བེལ་གྱི་རྒྱལ་པོའི་ཕྲག་པར་སྟོབས་གཞུག་གིས། ཕར་ཨོའི་ཕྲག་པ་ཐུར་དུ་ལྟུང་བར་འགྱུར། ངས་རང་གི་རལ་གྲི་བཱ་བེལ་རྒྱལ་པོའི་ལག་ཏུ་གཏོང་བ་དང་། དེས་མི་སེར་ཡུལ་ལ་དེ་གདེང་དུས་སུ། དེ་དག་གིས་ང་ནི་ཡ་ཧོ་ཝཱ་ཡིན་པ་རྟོགས་པར་འགྱུར། ༢༦ ཡང་ངས་མི་སེར་པ་མི་བརྒྱུད་ཀུན་གྱི་ནང་ན་ཁ་འཐོར་ཞིང་། ཡུལ་ཀུན་ནང་ཁྲེ་གཏོར་དུ་གཏང་ངོ་། དེ་ནས་དེ་དག་གིས་ང་ནི་ཡ་ཧོ་ཝཱ་ཡིན་པ་རྟོགས་པར་འགྱུར་རོ༎