༢༩
ལོ་བཅུ་པའི་ཟླ་བ་བཅུ་པའི་ཚེས་པ་བཅུ་གཉིས་ལ། བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ ཀྱེ་མིའི་བུ། ད་ཁྱོད་མི་སེར་རྒྱལ་པོ་ཕར་ཨོའི་ཕྱོགས་སུ་གདོང་སྒྱུར་ལ། ཁོ་རང་དང་མི་སེར་ཡུལ་ཚང་མ་ལ་གནོད་པའི་ལུང་སྟོན་ཞིང་། ༣ གཏམ་བྱེད་ཅིང་འདི་སྐད་སྨྲོས་ཤིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཀྱེ་མི་སེར་རྒྱལ་པོ་ཕར་ཨོ། རང་གི་ཆུ་ཀླུང་རྣམས་སུ་ཉལ་ཞིང་། ངའི་གཙང་པོ་ནི་ང་རང་གི་ཕྱིར་བཟོས་པའི་རང་གི་ཆུ་ཀླུང་ཡིན། ཟེར་བའི་ཆུ་སྲིན་ཆེན་པོ། ཁྱོད་ལ་ངས་དགྲར་འཛིན་པས། ལྟོས་ཤིག ༤ ངས་ཁྱོད་ཀྱི་འགྲམ་པ་གཉིས་ལ་ལྕགས་ཀྱུ་རྒྱུ་ཞིང་། ཁྱོད་ཀྱི་གཙང་ཉ་རྣམས་ཁྱོད་ཀྱི་ཉ་སག་ལ་འབྱར་དུ་གཞུག ཡང་ངས་ཁྱོད་ནི་རང་གི་གཙང་དཀྱིལ་ནས་ཕྱི་རོལ་དུ་ཕྱུང་སྟེ། ཁྱོད་ཀྱི་གཙང་ཉ་ཁྱོད་ཀྱི་ཉ་སག་ལ་འབྱར་བར་འགྱུར། ༥ ཡང་ངས་ཁྱོད་ནི་རང་གི་གཙང་ཉ་ཐམས་ཅད་དང་བཅས་སུ་འབྲོག་སྟོང་དུ་དབྱུག་འཇོག་པར་བྱ། དེ་ནས་ཁྱོད་ཐང་ཡན་དུ་ལུས་ཤིང་། སྡུ་ཞིང་སོག་པར་མི་འགྱུར་ཏེ། ངས་ཁྱོད་ནི་ཐང་ཀའི་གཅན་གཟན་དང་གནམ་གྱི་བྱའི་ཟས་སུ་བྱིན་པ་ཡིན། ༦ དེ་ནས་མི་སེར་ཡུལ་གྱི་མི་ཚང་མས་ང་ནི་ཡ་ཧོ་ཝཱ་ཡིན་པ་རྟོགས་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་བརྒྱུད་ལ་འདི་རྣམས་འདམ་བུའི་འཁར་བ་འདྲ་ཡོད་པ་ཡིན། ༧ དེ་དག་གིས་ཁྱོད་ཀྱི་ལག་པར་བཅར་བ་ཙམ་གྱིས། ཁྱོད་ཆག་ནས། དེ་དག་གི་ཕྲག་པ་ཚང་མ་བཤག་པ་ཡིན། ཡང་དེ་དག་གིས་ཁྱོད་ལ་བསྙེས་དུས་སུ་ཁྱོད་ཆག་ནས། དེ་དག་གི་རྐེད་ཚིགས་གཡོ་བར་བྱས། ༨ དེ་བས་ན་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས། ངས་ཁྱོད་ཀྱི་ཐོག་ཏུ་རལ་གྲི་འཁྱེར་འོང་ཞིང་། ཁྱོད་ཀྱི་ནང་ནས་མི་དང་དུད་འགྲོ་གཉིས་པོ་མེད་པར་བྱ། ༩ དེ་ནས་མི་སེར་ཡུལ་སྟོངས་ནས་སྟོང་པར་འགྱུར་ཏེ། དེ་དག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ཁོས་ནི། གཙང་པོ་ནི་ངའི་ཡིན། ངས་དེ་བཟོས་པ་ཡིན་སྨྲས་པའི་ཕྱིར་རོ། ༡༠ དེ་བས་ན་ལྟོས། ངས་ཁྱོད་དང་། ཁྱོད་ཀྱི་གཙང་པོ་རྣམས་འཁོན་དུ་འཛིན་པས། མི་སེར་ཡུལ་དེ་མིག་དོལ་ནས་བཟུང་སྟེ། སེ་ཡེ་ནེ་དང་། ཀུས་ཀྱི་ས་མཚམས་ཀྱི་བར་དུ། ཡོངས་སུ་ཡུལ་སྟོང་དང་ཐང་སྟོང་དུ་བྱའོ། ༡༡ དེའི་ནང་དུ་མིའི་རྐང་པ་གང་ཡང་མི་བརྒྱབ། དུད་འགྲོའི་རྐང་པ་ཡང་དེའི་ནང་དུ་མི་སླེབ། ལོ་བཞི་བཅུའི་བར་དུ་དེ་ནང་མི་ནི་གནས་པར་མི་འགྱུར་རོ། ༡༢ ཡང་ངས་སྟོངས་ཡོད་པའི་ཡུལ་རྣམས་ཀྱི་ཁྲོད་དུ་མི་སེར་ཡུལ་ཡང་སྟོངས་སུ་གཞུག དེའི་གྲོང་ཁྱེར་རྣམས་སྟོངས་ཟིན་པའི་གྲོང་ཁྱེར་དག་གི་ཁྲོད་དུ་ལོ་བཞི་བཅུའི་བར་དུ་སྟོངས་ཏེ་ལུས་པར་འགྱུར། ཡང་ངས་མི་སེར་པ་རྣམས་མི་བརྒྱུད་སོ་སོའི་ནང་དུ་ཁྲེ་གཏོར་དུ་གཏོང་ཞིང་། ཡུལ་སོ་སོའི་ནང་དུ་གཏོར་བར་བྱའོ༎༡༣ དེ་ནས་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ལོ་བཞི་བཅུའི་མཐར་ཐོར་ཡོད་པའི་མི་སེར་པ་རྣམས་མི་བརྒྱུད་སོ་སོའི་ནང་ནས་བསྡུ་ཞིང་། ༡༤ མི་སེར་པའི་བཙོན་དེ་མེད་པར་བྱས་ཏེ། དེ་དག་གི་ཕ་ཡུལ་ཕད་རོས་བྱ་བའི་ཡུལ་དུ་ཕྱིར་ལོག་འོང་བར་གཞུག་གོ། ཡང་དེ་དག་ནི་དེར་རྒྱལ་ཁམས་ཐ་ཤལ་ཞིག་ཏུ་འགྱུར་ཏེ། ༡༥ རྒྱལ་ཁམས་ཀུན་ལས་རབ་ཏུ་དམན་ཞིང་། ད་ཕྱིན་ཆད་མི་རིགས་སོ་སོའི་ནང་དུ་ངོམ་སྟོན་པར་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེས་སླར་མི་རིགས་སོ་སོ་ལ་སྲིད་མི་བྱེད་པའི་སླད་དུ། ངས་དེ་འཕྲི་བར་བྱའོ། ༡༦ དེ་ནི་ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་རེ་ས་ཡིན་པར་མི་འགྱུར། ཅི་ལ་ཞེ་ན། དེ་དག་གིས་དེའི་རྒྱབ་ནས་ལྟ་བའི་རང་གི་ཉེས་ལྟུང་དེ་དྲན་དུ་གཞུག་སྟེ། དེ་ཚོས་ང་ནི་ཡ་ཧོ་ཝཱ་དཀོན་མཆོག་ལགས་པ་རྟོགས་པར་འགྱུར་རོ༎
༡༧ ཡང་ལོ་ཉེར་བདུན་པའི་ཟླ་བ་དང་པོའི་ཚེས་གཅིག་ལ། བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༡༨ ཀྱེ་མིའི་བུ། བཱ་བེལ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ཚོར་གྱི་དགྲར་རང་གི་དམག་དཔུང་ལ་ཞབས་ཏོག་དྲག་པོ་ཞིག་བཀལ་ནས། མགོ་ཐམས་ཅད་སྐྲ་མེད་པ་དང་། ཕྲག་པ་ཚང་མ་བཤུས་ཀྱང་། དེས་ཁོ་ལ་རྒོལ་བའི་ཞབས་ཏོག་བྱས་པའི་དོན་དུ་རང་དང་། རང་གི་དམག་དཔུང་ལ་ཚོར་ལས་རྔན་པ་ཅིའང་བརྙེད་མ་བྱུང་། ༡༩ དེ་བས་ན་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ངས་མི་སེར་ཡུལ་དེ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་ལ་སྦྱིན་པར་བྱ་སྟེ། དེས་དེའི་མི་ཚོགས་འཛིན་ཏེ། འཕྲོག་བྱ་འཕྲོག་ཅིང་། བཅོམ་ནོར་འཇོམ་ཞིང་། དེ་རྣམས་དེའི་དམག་དཔུང་གི་རྔན་པར་འགྱུར་བར་འགྱུར་རོ། ༢༠ དེས་ངའི་དོན་དུ་དཀའ་ལས་དང་། ཞབས་ཏོག་བྱས་པའི་གླ་ལྟ་བུར། ངས་མི་སེར་ཡུལ་དེ་ལ་བྱིན་པ་ཡིན། ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༢༡ དེའི་ཚེ་ངས་ཨིས་ར་ཨེལ་གྱི་ཕ་སྤད་ལ་རྭ་ཅོ་ཞིག་སྐྱེད་དུ་འཇུག་ཅིང་། དེ་དག་གི་དཀྱིལ་དུ་ངས་ཁྱོད་ཀྱི་ཁ་འབྱེད་དུ་གཞུག་གོ། དེ་ནས་དེ་དག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎