༢༨
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ ཀྱེ་མིའི་བུ། ཚོར་གྱི་ཇོ་བོ་ལ་འདི་སྐད་སྨྲོས་ཤིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཀྱི་སྙིང་ང་རྒྱལ་གྱིས་བསྙེམས་ནས། ཁྱོད་ཀྱིས། དཀོན་མཆོག་ནི་ང་རང་སྟེ། རྒྱ་མཚོའི་དཀྱིལ་དུ་དཀོན་མཆོག་གི་རྒྱལ་ཁྲི་ལ་ང་འཁོད་དོ་སྨྲས་པ་ཡིན། ཁྱོད་དཀོན་མཆོག་མིན་པར། མི་ཡིན་ཀྱང་། ཁྱོད་ཀྱིས་རང་གི་སྙིང་དེ་དཀོན་མཆོག་གི་ཐུགས་སྙིང་དང་འདྲ་བར་བཏེགས་པས། ༣ ལྟོས་དང་། ཁྱོད་དཱ་ནི་ཨེལ་བས་ཀྱང་ལྷག་པར་མཁས་པས། ཁྱོད་ལས་སྦ་ཐུབ་པའི་གསང་བ་གང་ཡང་མེད་པ་ཡིན། ༤ ཁྱོད་རང་གི་བློ་མཁས་པ་དང་། བློ་གྲོས་ཀྱིས་དབྱིགས་ནོར་བྱོར་ནས། རང་གི་དཀོར་མཛོད་རྣམས་ལ་གསེར་དངུལ་བསགས། ༥ ཁྱོད་ཀྱི་བློ་མཁས་ཐག་ཆོད་དང་། ཚོང་ལ་འགྲོ་བའི་ངང་ནས། རང་གི་ནོར་འཕེལ་བཅུག་ནས། ནང་ནོར་གྱི་རྐྱེན་གྱིས་ཁྱོད་ཀྱི་སྙིང་ང་རྒྱལ་གྱིས་བཏེག་པས། ༦ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཀྱིས་རང་གི་སྙིང་ནི་དཀོན་མཆོག་གི་ཐུགས་སྙིང་ལྟར་བཏེགས་པའི་ཕྱིར། ༧ ལྟོས། ངས་མི་རིགས་ཀུན་ནས་དྲག་ཤུལ་ཅན་ཡིན་པའི་མི་ཡན་ཁྱོད་ཀྱི་ཐོག་ཏུ་སྦྲོན་པར་བྱ། དེ་ཚོས་ཁྱོད་ཀྱི་ཡིད་དུ་འོང་བའི་བློ་མཁས་པའི་ཐད་དུ། རལ་གྲི་བཏོན་ཏེ། ཁྱོད་ཀྱི་དཔལ་བརྗིད་དེ་རྙོག་པར་འགྱུར། ༨ དེ་ཚོས་ཁྱོད་ས་དོང་དུ་ཕབ་སྟེ། རྒྱ་མཚོའི་དཀྱིལ་དུ་བསད་པའི་ཤི་ལུགས་ཀྱིས། ཁྱོད་འཆི་བར་འགྱུར། ༩ ད་དུང་ཡང་ཁྱོད་གསོད་མཁན་གྱི་མདུན་དུ། ང་དཀོན་མཆོག་ཡིན། ཞེས་ཟེར་བར་བྱའམ། འོན་ཁྱོད་གསོད་མཁན་གྱི་ལག་ན་ཁྱོད་དཀོན་མཆོག་ནི་མ་ཡིན་པར་མི་ཡིན་ནོ། ༡༠ མདུན་ལྤགས་མ་བཅད་པ་འཆི་བ་ལྟར། རྒྱལ་ཁམས་པའི་ལག་པས་ཁྱོད་གསད་དོ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ངས་གསུངས་པ་ལགས། ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎༡༡ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༡༢ ཀྱེ་མིའི་བུ། ཚོར་གྱི་རྒྱལ་པོ་ལ་སྐྱོ་གླུ་ལེན་ཞིང་། འདི་སྐད་སྨྲོས་ཤིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ནི་ཕྱག་རྒྱ་བརྒྱབ་པའི་ཕུན་སུམ་ཚོགས་པ་ལགས། ཤེས་རབ་ཀྱིས་གང་སྟེ། མཛེས་པའི་ནང་ཐར་ཕྱིན་པ་ཡིན། ༡༣ དཀོན་མཆོག་གི་སྐྱེད་མོས་ཚལ་ཨེ་དེན་ན་ཁྱོད་གནས་ཏེ། ཁྱོད་ཀྱིས་པདྨ་ར་གཱ་དང་། ཕུག་རྫ་དང་། ཕ་ལམ་དང་། སུན་ནཱ་རི་དང་། གཟི་དང་། མཆོང་དང་། ནི་ལིམ་དང་། བེ་དུརྱ་དང་། མ་རྒད་ལ་སོགས་པའི་རྡོ་རིན་པོ་ཆེ་ཐམས་ཅད་དང་། གསེར་གྱོན་པ་ཡིན། ཁྱོད་ནང་རྔ་དང་རྒྱ་གླིང་བཟོ་བ་ནི་ཁྱོད་བཀོད་པའི་ཉིན་མོར་བཤམས་ཏེ་ཡོད་པ་ཡིན། ༡༤ ཁྱོད་ནི་ཁྱབ་བྱེད་ཀྱི་ཀེ་རུབ་བྱུགས་པ་དེ་ཡིན་ཏེ། དཀོན་མཆོག་གི་རི་དམ་པར་ངས་ཁྱོད་བཞག་པ་ཡིན། དེར་གནས་ཏེ། ཁྱོད་མེ་འབར་བའི་རྡོ་དཀྱིལ་དུ་ཡར་མར་འདོང་བ་ཡིན། ༡༥ ཁྱོད་ཆགས་པའི་ཉིན་མོ་ནས་མི་དགེ་བ་ཁྱོད་ཀྱི་ནང་ན་མ་བརྙེད་པའི་བར་དུ་རང་ལམ་ན་ཁྱོད་ཕུན་སུམ་ཚོགས་པ་ཡོད་པ་ཡིན། ༡༦ ཁྱོད་ཀྱི་ཚོང་ཟོག་མང་བའི་སྟབས་ཀྱིས་ཁྱོད་ཀྱི་ནང་དུ་དབང་ཆོས་བཀང་ནས། ཁྱོད་ཀྱིས་སྡིག་པ་བྱས་པས། ངས་ཁྱོད་རྫས་བརླགས་པར་ལྟར་དཀོན་མཆོག་གི་རི་བོ་ལས་བཏོན་ཏེ། མེ་འབར་བའི་རྡོ་དཀྱིལ་ལས་ཁྱབ་བྱེད་པའི་ཀེ་རུབ་བྱུགས་པ་ཁྱོད་མེད་པར་བྱས་པ་ཡིན། ༡༧ རང་གི་བྱད་ལེགས་པོས་ཁྱོད་ང་རྒྱལ་གྱིས་བརླམས། རང་གི་མཛེས་སྡུག་གིས་ཁྱོད་ཀྱི་ཤེས་རབ་མེད་པར་བྱས། ངས་ཁྱོད་ས་ལ་བརྡབས་ཏེ། རྒྱལ་པོ་རྣམས་ཀྱིས་མཐོང་བའི་ཕྱིར། དེ་དག་གི་མདུན་དུ་བཞག་པ་ཡིན། ༡༨ རང་གི་ཉེས་ཚོགས་དང་། འཚོང་ལོག་གིས་རང་གི་གཙང་ཁང་རྣམས་བརླགས་སུ་བཅུག་པས། ངས་ཁྱོད་ཀྱི་དཀྱིལ་ནས་མེ་ཞིག་བཏོན་ཏེ། དེས་ཁྱོད་བསྲེགས་ཤིང་། ཁྱོད་ལ་ལྟད་མོ་ལྟ་མཁན་ཚང་མའི་མཐོང་སར། ངས་ཁྱོད་ས་སྟེང་དུ་གོག་ཐལ་དུ་བསྒྱུར་བ་ཡིན། ༡༩ དེ་ནས་མི་རིགས་སོ་སོའི་ནང་ནས་ཁྱོད་ངོ་བཤེས་པ་ཀུན་གྱིས་ཁྱོད་མཐོང་ནས་ཧ་ལས་ཏེ། ཁྱོད་ནི་འཇིགས་པའི་གནས་སུ་འགྱུར་ཞིང་། དུས་གཏན་གྱི་ཕྱིར་མེད་པར་འགྱུར་རོ༎
༢༠ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢༡ ཀྱེ་མིའི་བུ། ཚི་དོན་གྱི་ཕྱོགས་སུ་གདོང་པ་སྒྱུར་ལ། དེ་ལ་གནོད་པའི་ལུང་སྟོན་ཞིང་། ༢༢ འདི་སྐད་སྒོ་ཞིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ཀྱེ་ཚི་དོན། ངས་ཁྱོད་དགྲར་འཛིན་གྱིས། ངས་དེ་ལ་ཞལ་ཆེ་གཅོད་ཅིང་། དེའི་ནང་ན་ཁོ་བོ་དམ་པར་འགྱུར་བའི་ཚེ་ན། དེ་དག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར། ཁྱོད་ཀྱི་ནང་ནས་ང་ལ་དཔལ་འབྱུང་བར་འགྱུར་རོ། ༢༣ དེ་ཅིའི་ཕྱིར་ཞེ་ན། ངས་དེའི་ནང་དུ་རིམས་ནད་དང་། དེའི་ལམ་སྲང་རྣམས་སུ་གསོད་གཅོད་བྱུང་བར་གཞུག ཕྱོགས་ཀུན་ཏུ་རལ་གྲིས་རྨས་པ་རྣམས་འཆི་བར་འགྱུར། དེ་ནས་མི་རྣམས་ཀྱིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། ༢༤ དེ་ནས་ཨིས་ར་ཨེལ་གྱི་མི་བརྒྱུད་ལ་ཁྱད་དུ་སོད་པའི་མཐའ་འཁོར་གྱི་མི་ཐམས་ཅད་ཀྱི་ནང་དུ་ཟག་པའི་ཚེར་མའམ། མནར་བྱེད་ཀྱི་ནག་ཚེར་གང་ཡང་ལུས་པར་མི་འགྱུར། དེ་ནས་དེ་ཚོས་ང་ནི་ཡ་ཧོ་ཝཱ་དཀོན་མཆོག་ལགས་པ་རྟོགས་པར་འགྱུར་རོ༎
༢༥ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ངས་ཨིས་ར་ཨེལ་གྱི་མི་བརྒྱུད་མི་རིགས་སོ་སོའི་ནང་ན། གང་དང་གང་དུ་ཁྲེ་ཐོར་དུ་ཡོད་པ་རྣམས་བསྡུ་བའི་ཚེ་ན། མི་རིགས་ཀུན་གྱི་མིག་གི་མདུན་དུ་དེ་དག་གི་ནང་ན་ང་ཉིད་དམ་པར་འགྱུར། ངས་རང་གི་བྲན་པོ་ཡ་ཀོབ་ལ་བྱིན་པའི་ཡུལ་ཁམས་སུ་དེ་དག་གཞིས་ཕབ་སྟེ། ༢༦ ངས་དེ་དག་གི་ཕྱོགས་ཀུན་ནས་དེ་དག་ལ་ཁྱད་དུ་སོད་པ་ཐམས་ཅད་ཀྱི་ཁྲིམས་གཅོད་པའི་དུས་སུ། དེ་དག་ཡུལ་དེ་ན་ཉེ་ཞོ་མེད་པར་གནས་ཏེ། ཁྱིམ་རྣམས་རྩིག་ཅིང་། རྒུན་ཚལ་རྣམས་འཛུག་ཅིང་། བློ་བདེ་བར་གནས་པར་འགྱུར་རོ། དེ་ནས་དེ་དག་གིས་ང་ནི་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་ལགས་པ་རྟོགས་པར་འགྱུར་རོ༎