༢༧
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ།  ཀྱེ་མིའི་བུ། ད་ཚོར་གྱི་ཕྱིར་སྐྱོ་གླུ་ལོངས་ལ།  ཚོར་ལ་འདི་སྐད་སྨྲོས་ཤིག ཀྱེ་ཁྱོད་རྒྱ་མཚོའི་སྒོ་ལ་ཡོད་ཅིང་། གླིང་ཕྲན་དུ་མའི་མི་སྡེའི་དོན་དུ་ཚོང་བྱེད་པའི་ཁྱོད་ལ། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཀྱེ་ཚོར། ཁྱོད་ཀྱིས་ང་རང་གི་མཛེས་སྡུག་མཐར་ཕྱིན་པ་ཡིན་ཞེས་སྨྲས་བྱུང་།  ཁྱོད་ཀྱི་ས་མཚམས་རྣམས་རྒྱ་མཚོ་རྣམས་ཀྱི་དབུས་སུ་ཡོད་དེ། རྩིག་དཔོན་རྣམས་ཀྱིས་ཁྱོད་ཀྱི་མཛེས་སྡུག་རྫོགས་སུ་བཅུག  དེ་དག་གིས་སེ་ནིར་གྱི་ཐང་ཤིང་གི་གླེགས་ཤིང་ལས་ཁྱོད་ཀྱི་གྲུ་གཟིངས་རྣམས་བཟོས་པ་ཡིན། གྲུའི་དར་ཤིང་བྱེད་དུ་ལི་བ་ནོན་གྱི་འགྱམ་ཤིང་ཁྱོད་ཕྱིར་བླངས་པ་ཡིན།  ཁྱོད་ཀྱི་གྲུ་སྐྱ་ནི་བཱ་ཤན་གྱི་བེ་ཤིང་ལས་བྱས། ཀི་ཐིམ་གྱི་གླིང་ཕྲན་རྣམས་ཀྱི་ཤུག་ཤིང་ལས་བྱས་པའི་ཁྱོད་ཀྱི་ཐོག་རྣམས་བ་སོས་བརྒྱན་པ་ཡིན།  ཁྱོད་ཀྱིས་རང་གི་འཕྱར་དར་དུ་མི་སེར་གྱི་རས་བཟང་པོ་འཕྱར་བ་ཡིན། ཨེ་ལི་ཤཱའི་གླིང་ཕྲན་གྱི་མཐིང་མདོག་དང་རྒྱ་སྨུག་ནི་ཁྱོད་ཀྱི་ཡོལ་བསྐོར་ཡོད་པ་ཡིན།  ཚི་དོན་པ་དང་ཨར་ཝད་པ་རྣམས་ཁྱོད་ཀྱི་སྐྱ་རྒྱབ་མཁན་ཡོད་པ་ཡིན། ཀྱེ་ཚོར། ཁྱོད་ཀྱི་ནང་ན་ཡོད་པའི་མི་མཁས་པ་རྣམས་ཁྱོད་ཀྱི་གྲུ་དཔོན་དུ་ཡོད་པ་ཡིན།  ཁྱོད་ཀྱི་གྲུ་ལ་རས་དམ་གཏོང་དུ་གེ་བལ་གྱི་རྒན་རབས་དང་མཁས་པ་རྣམས་ཡོད་པ་ཡིན། རྒྱ་མཚོའི་གྲུ་དང་གྲུ་པ་ཐམས་ཅད་ཁྱོད་ཀྱི་དཀྱིལ་དུ་ཚོང་བྱེད་དུ་ཡོད་པ་ཡིན། ༡༠ ཏ་ཟིག་པ་དང་། ལུད་པ་དང་། ཕུད་པ་རྣམས་ཁྱོད་ཀྱི་དམག་དཔུང་ནང་དམག་མིར་ཡོད་པ་ཡིན། དེ་དག་གིས་ཕུབ་དང་རྨོག་ཁྱོད་ཀྱི་ནང་དུ་འཕྱར་ལ་བཏང་ནས། ཁྱོད་ལ་དཔལ་བརྗིད་བྱིན་པ་ཡིན། ༡༡ ཨར་ཝད་པ་ཁྱོད་ཀྱི་དམག་དཔུང་བཅས་སུ་ཁྱོད་ཀྱི་ལྕགས་རི་རྣམས་ཀྱི་ཐོག་ཏུ་སྐོར་ཞིང་ཡོད་པ་ཡིན། ཁྱོད་ཀྱི་སྤེའུ་རྣམས་ལ་རྩལ་ལྡན་རྣམས་ཡོད་དེ། དེ་ཚོས་ཁྱོད་ཀྱི་ལྕགས་རིའི་ཕྱོགས་བཞིར་རང་གི་ཕུབ་རྣམས་འཕྱར་ནས། ཁྱོད་ཀྱི་མཛེས་སྡུག་དེ་ལོངས་སུ་བཅུག་པ་ཡིན།
༡༢ ཐར་ཤིས་ལ་ནོར་རྫས་ཀྱི་རིགས་མཐའ་དག་མང་དྲགས་པས། ཁྱོད་དང་མཉམ་དུ་ཚོང་བྱས་ཏེ། ཁྱོད་ཀྱི་ཁྲོམ་དུ་དངུལ་དང་། ལྕགས་དང་། དཀར་ཡ་དང་། ཞ་ཉེའི་ཚོང་བརྒྱབ་པ་ཡིན། ༡༣ ཡ་ཝན་དང་། ཐུ་བལ་དང་། མེ་ཤེག་ཀྱང་ཁྱོད་ཀྱི་ཚོང་པར་ཡོད་པ་ཡིན། དེ་ཚོས་མི་ཚོང་དང་། ཟངས་ཀྱི་ཡོ་བྱད་ཀྱི་ཚོང་ཁྱོད་ཀྱི་ཟོང་དང་ཚོང་སྡེབ་བཏང་བ་ཡིན། ༡༤ ཐོ་གར་མཱའི་མི་བརྒྱུད་ཀྱིས་ཁྱོད་ཀྱི་ཁྲོམ་དུ་རྟ་དང་། དམག་རྟ་དང་། དྲེལ་ཚོང་བརྒྱབ་པ་ཡིན། ༡༥ དེ་དཱན་པ་ཡང་ཁྱོད་ཀྱི་ཚོང་པར་ཡོད་པ་ཡིན། རྒྱ་མཚོའི་འགྲམ་གྱི་ཡུལ་མང་པོ་ཁྱོད་ཀྱི་ལག་ན་ཡོད་པའི་ཚོང་གཡོག་ཡོད་པ་ཡིན། གླང་ཆེན་གྱི་མཆེ་བ་དང་། ཤིང་ནག་འཇལ་དུ་ཁྱེར་འོངས་པ་ཡིན། ༡༦ ཁྱོད་ཀྱི་བཟོ་ལས་མང་དྲགས་པའི་རྐྱེན་གྱིས་ཨ་རམ་གྱིས་ཁྱོད་ལ་ཚོང་བརྒྱབ་སྟེ། དེ་ཚོས་ཁྱོད་ཀྱི་ཁྲོམ་དུ་མ་རྒད་དང་། རྒྱ་ཚོས་དང་། རྒྱན་གཞི་དང་། ཀ་ཤི་ཀ་དང་། བྱི་རུ་དང་། གཟིའི་ཚོང་བརྒྱབ་པ་ཡིན། ༡༧ ཡ་ཧུ་དཱ་དང་། ཨིས་ར་ཨེལ་ཡུལ་ཁམས་ཀྱང་ཁྱོད་ཀྱི་ཚོང་པ་ཡིན་པས། ཁྱོད་ཀྱི་ཚོང་ཟོག་དང་། མིན་ནིད་དང་། པན་ནག་གི་གྲོ་དང་། སྦྲང་རྩི་དང་། འབྲུ་མར་དང་། བལ་སམ་གྱི་ཚོང་བརྒྱབ་པ་ཡིན། ༡༨ ཁྱོད་ཀྱི་བཟོ་ལས་མང་པོ་དང་། ནོར་རྫས་ཀྱི་རིགས་འཛོམ་པོའི་ཕྱིར་དུ། ད་མཱ་སེག་གིས་ཁྱོད་དང་མཉམ་དུ་ཧེལ་བོན་གྱི་རྒུན་ཆང་དང་། བལ་དཀར་གྱི་ཚོང་བརྒྱབ་པ་ཡིན། ༡༩ ཝེ་དན་དང་། ཡ་ཝན་གྱིས་ཀྱང་ཨུ་ཟལ་ནས་ལྕགས་བཟང་པོ་དང་། སྤོས་སྣུམ་དང་། ཤུ་དག་ཁྱོད་ཀྱི་ཁྲོམ་དཀྱིལ་དུ་བཙོང་བ་ཡིན། ༢༠ དེ་དཱན་ཡང་ཁྱོད་ཀྱི་ཚོང་པ་ཡོད་པས། རྟའི་ཁེབས་རིན་ཐང་ཆེ་བ་རྣམས་ཁྱོད་ལ་བཙོང་བ་ཡིན། ༢༡ ཨ་རཱབ་དང་ཀེ་དར་གྱི་དྲག་རིགས་ཐམས་ཅད་ཀྱིས་ཀྱང་ཁྱོད་ཀྱི་ལག་ན་ཡོད་པའི་ཚོང་པ་ཡིན་པས། ལུ་གུ་དང་། ལུག་ཐུག་དང་། ར་རྣམས་ཁྱོད་ལ་བཙོང་བ་ཡིན། ༢༢ ཤེ་བཱ་དང་། ར་ཨེ་མཱའི་ཚོང་པ་རྣམས་ཀྱང་ཁྱོད་ཀྱི་ཚོང་པ་ཡིན་པས། ཁྱོད་ཀྱི་ཁྲོམ་ན་སྤོས་བཟང་ཤོས་སྣ་ཚང་དང་། རྡོ་བ་རིན་པོ་ཆེ་དང་། གསེར་ཡང་བཙོང་བ་ཡིན། ༢༣ ཧ་རན་དང་། ཀན་ནེ་དང་། ཨེ་དེན་དང་། ཤེ་བཱ་དང་། ཨ་སུར་དང་། ཁིལ་མད་གསུམ་ཡང་ཁྱོད་ཀྱི་ཚོང་པར་ཡོད་པ་ཡིན། ༢༤ དེ་དག་ཁྱོད་ཀྱི་ཚོང་པ་ཡིན་པས། གཟབ་གོས་དང་། གོས་མཐིང་ཀ་དང་། རྒྱན་གཞི་དང་། གོས་གོང་ཐང་ཆེ་བ་རྣམས་ཐག་པས་བསྡམ་སྟེ། ཤུག་ཤིང་གི་སྒམ་རྣམས་ཀྱི་ནང་དུ་ཁྱོད་ལ་བཙོང་བ་ཡིན། ༢༥ ཐར་ཤིས་ཀྱི་གྲུ་གཟིངས་རྣམས་ཀྱིས་ཁྱོད་ཀྱི་ཟོག་སྐྱལ་བར་བྱས། ཁྱོད་ནོར་དབྱིག་གིས་ཁེངས་ཏེ། རྒྱ་མཚོའི་དཀྱིལ་ན་ཁྱོད་རབ་ཏུ་དཔལ་དང་ལྡན་པ་ཡོད་པ་ཡིན་ནོ༎
༢༦ ཁྱོད་ཀྱི་གྲུ་སྐྱ་པས་ཁྱོད་ཆུ་ཆེན་པོ་རྣམས་སུ་ཁྱེར། ཤར་རླུང་གིས་རྒྱ་མཚོ་རྣམས་ཀྱི་དབུས་སུ་ཁྱོད་བཅག ༢༧ ཁྱོད་ཀྱི་ནོར་རྫས་དང་། ཡོ་བྱད་དང་། ཚོང་ཟོག་དང་། ཁྱོད་ཀྱི་གྲུ་གཡོག་དང་། གྲུ་དཔོན་དང་། རས་དམ་གཏོང་མཁན་དང་། ཚོང་གཡོག་དང་། ཁྱོད་ནང་ཡོད་པའི་དམག་མི་ཡོད་དོ་ཅོག་དང་། ཁྱོད་ནང་འཛོམས་པའི་མི་ཚོགས་ཚང་མ་དང་ལྷན་ཅིག་ཏུ། ཁྱོད་འཇིག་པའི་ཉིན་མོར། རྒྱ་མཚོའི་དབུས་སུ་ལྟུང་བར་འགྱུར། ༢༨ ཁྱོད་ཀྱི་གྲུ་དཔོན་རྣམས་ཀྱི་འོ་དོད་ཀྱི་ང་རོས་རྦ་རླབས་རྣམས་འདར་བར་འགྱུར། ༢༩ དེ་ནས་གྲུ་སྐྱ་པ་དང་། གྲུ་པ་དང་། རྒྱ་མཚོའི་གྲུ་དཔོན་ཚང་མ་རང་གི་གྲུ་ལས་བབས་ནས། སྐམ་སར་བསྡད་དེ། ༣༠ སྐད་ངན་འདོན་ཞིང་། ཁྱོད་ཀྱི་དོན་དུ་དྲག་པོར་ངུ་ཞིང་། མགོ་ལ་ས་གཡོག་ཏེ། གོག་ཐལ་ནང་འགྲེ་ལྡོག་བྱེད་པར་འགྱུར། ༣༡ ཡང་ཁྱོད་ཀྱི་ཕྱིར་དུ་སྐྲ་སྤུ་ཚང་མ་བཞར་ཏེ། རྩྭ་ཕད་དཀྲིས་ནས། ཁྱོད་ཀྱི་ཕྱིར་སྙིང་འཁྲུགས་ཏེ་ངུ་ཞིང་། ཆོ་ངེས་དྲག་པོ་བྱེད་པར་འགྱུར། ༣༢ སྨྲེ་སྔགས་འདོན་གྱིན། ཁྱོད་ཀྱི་དོན་དུ་བཤད་པ་གཏོང་ཞིང་། ཁྱོད་ཀྱི་དོན་དུ་མྱ་ངན་བྱེད་ཅིང་། འདི་སྐད་ཟེར་བར་བྱ། བཞིག་པའི་ཚོར་འདྲ་རྒྱ་མཚོའི་དཀྱིལ་ན་སུ་ཡོད་པ་ཡིན། ༣༣ ཁྱོད་ཀྱི་ཚོང་ཟོག་རྒྱ་མཚོའི་ཕ་རོལ་སླེབ་དུས་སུ། མི་སྡེ་མང་ཙམ་བཀང་བ་ཡིན། ནོར་དང་ཚོང་ཟོག་མང་པོས་སའི་རྒྱལ་པོ་རྣམས་ཕྱུག་པོར་གྱུར་པ་ཡིན། ༣༤ འོན་ཀྱང་ད་ལྟ་ཆུ་གཏིང་ཟབ་པོ་རྣམས་ན། རྒྱ་མཚོས་ཁྱོད་རང་བཅག་པའི་དུས་སུ། ཁྱོད་ཀྱི་ཚོང་ཟོག་དང་། ཁྱོད་ཀྱི་ནང་ན་ཡོད་པའི་དཔུང་ཚོགས་ཐམས་ཅད་ཀྱང་ལྷུང་བ་ཡིན། ༣༥ རྒྱ་མཚོའི་གླིང་ཕྲན་པ་ཐམས་ཅད་ཁྱོད་ཀྱི་ཕྱིར་ཧ་ལས་ཤིང་། དེ་ཚོའི་རྒྱལ་པོ་རྣམས་རབ་ཏུ་འཇིགས་ཏེ། གདོང་རྩི་འཁྱེར་བར་འགྱུར། ༣༦ མི་རིགས་སོ་སོའི་ནང་ན་ཡོད་པའི་ཚོང་པ་རྣམས་ཀྱིས་ཁྱོད་ཀྱི་ཕྱིར་ཐུ་ཐུ་ཟེར་བར་འགྱུར་ཏེ། ཁྱོད་ནི་འཇིགས་པའི་གནས་སུ་འགྱུར་ཞིང་། དུས་གཏན་གྱི་ཕྱིར་མེད་པར་འགྱུར་རོ༎