༢༡
དེ་ནས་ཡ་ཧོ་ཝཱའི་བཀའ་བདག་ལ་བྱུང་ཞིང་། འདི་སྐད་དུ། ༢ ཀྱེ་མིའི་བུ། ཁྱོད་ཡེ་རུ་ཤ་ལེམ་གྱི་ཕྱོགས་སུ་གདོང་པ་སྒྱུར་ལ། གཙང་ཁང་རྣམས་ཀྱི་ཐད་དུ་རང་གི་གཏམ་འཕེན་ཞིང་། ཨིས་ར་ཨེལ་ཡུལ་ཁམས་ལ་གནོད་པའི་ལུང་སྟོན་ཞིག ༣ ཨིས་ར་ཨེལ་ཡུལ་ཁམས་ལ་སྨྲོས་ཤིག ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག ངས་ཁྱོད་ལ་སྡང་བས། ཤུབས་ཀྱི་ནང་ནས་ཉིད་ཀྱི་རལ་གྲི་བཏོན་ཏེ། ཆོས་དྲང་པོ་དང་སྡིག་སྤྱོད་གཉིས་པོ་ཁྱོད་ལས་འཕྲལ་བར་བྱ། ༤ ཆོས་དྲང་པོ་དང་སྡིག་སྤྱོད་གཉིས་པོ་ཁྱོད་ལས་འཕྲལ་བར་བྱའོ། དེའི་ཕྱིར་ངའི་རལ་གྲི་ཤུབས་ཀྱི་ནང་ནས་འཐོན་ཞིང་། ལྷོ་ཕྱོགས་ནས་བྱང་ཕྱོགས་ཀྱི་བར་དུ་སྲོག་ཆགས་ཡོངས་ཀྱི་ཕྱོགས་སུ་འགྲོ་བར་འགྱུར། ༥ དེ་ནས་ཤ་ཡོད་དོ་ཅོག་གིས་ཁོ་བོ་ཡ་ཧོ་ཝཱས་ཉིད་ཀྱི་རལ་གྲི་ཤུབས་ཀྱི་ནང་ནས་ཕྱུང་བ་ཡིན་པ་རྟོགས་པར་འགྱུར་ཏེ། སླར་ཤུབས་ཀྱི་ནང་དུ་ལོག་འགྲོ་བར་མི་འགྱུར། ༦ དེ་བས་ན་ཀྱེ་མིའི་བུ། རྐེད་པ་ཆག་གིན་ཤུགས་ནར་ཕྱུང་ཞིག་དང་། དེ་ཚོ་ཡི་མིག་གི་མདུན་དུ་ཁ་ཏིག་པའི་ཁོང་ཤུགས་ཕྱུང་ཞིག ༧ དེ་ནས་དེ་དག་གིས་ཁྱོད་ལ། ཅིའི་དོན་དུ་ཤུགས་ནར་འབྱིན། ཞེས་འདྲི་བའི་ལན་དུ། འཕྲིན་གྱི་ཕྱིར་འབྱིན། དེ་ཅིའི་ཕྱིར་ཞེ་ན། དེ་འོང་གིན་གདའ། སྙིང་ཐམས་ཅད་འཇུ་ཞིང་། ལག་རྩ་ཐམས་ཅད་ལྷོད་ཅིང་། སེམས་ཉིད་ཚང་མ་བརྒྱལ་ཞིང་། པུས་མོ་ཀུན་ཆུ་ལྟར་ཞན་པར་འགྱུར་རོ། ལྟོས་དང་། དེ་འོང་གིན་གདའ་བས། དེ་བཞིན་འབྱུང་བར་འགྱུར་རོ། ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎༨ སླར་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༩ ཀྱེ་མིའི་བུ། ལུང་སྟོན་ཞིང་འདི་སྐད་སྨྲོས་ཤིག ཡ་ཧོ་ཝཱས་འདི་སྐད་གསུང་། རལ་གྲི་ཞིག་འོང་། རལ་གྲི་རྣོ་བ་ཞིག་ལྷག་ལྷག་ཀྱང་བྱས་པ་སྟེ། ༡༠ སྲོག་གཅོད་དྲག་པོ་བྱེད་དུ་བདར། གནམ་ལྕགས་དང་འདྲ་བར་འགྱུར་བའི་ཕྱིར་ལྷག་ལྷག་བྱས། དེ་ནས་ངེད་དགའ་བར་འགྱུར་རམ། ལྟོས། ངའི་བུའི་དབྱུག་པ་ཡིན་པས། ཤིང་ཀུན་ལ་བརྙས། ༡༡ ལག་པར་ཐོགས་པའི་ཕྱིར་དུ་དེ་ལྷག་ལྷག་བྱེད་དུ་བཏང་། གསོད་མཁན་གྱི་ལག་པར་གཏོད་པའི་ཕྱིར། རལ་གྲི་དེ་རྣོ་བ་ལྷག་ལྷག་བྱས་པ་ལགས། ༡༢ དེ་ངའི་མི་སྡེ་ལ་འཕོག་ཅིང་། ཨིས་ར་ཨེལ་གྱི་སྐུ་དྲག་ཀུན་ལ་འབབ་འོང་བས། མིའི་བུ་ཁྱོད་ངུ་ཞིང་སྨྲེ་སྔགས་ཐོང་། དེ་ཚོ་ངའི་མི་སྡེ་དང་བཅས་རལ་གྲིར་བཏད་ཟིན་པས། ཁྱོད་ཀྱིས་རང་གི་བརླ་ཤ་ལ་ཐལ་ལྕག་རྒྱོབ། ༡༣ དེ་ནི་ཉམས་ཚོད་ལེན་པའོ། ཁྱད་དུ་སོད་པའི་དབྱུག་པ་དེ་མེད་པར་འགྱུར་ནའང་། དེ་ཅི། ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་།
༡༤ དེ་བས་ན་ཀྱེ་མིའི་བུ། ཁྱོད་ལུང་སྟོན་གྱིན་ལག་བརྡབ་ཐོང་ཞིག ལན་གསུམ་པ་ལ་རལ་གྲི་ཉི་ལྡབ་བྱེད་པར་བྱོས། སྲོག་ལེན་རྨ་བྱེད་པའི་རལ་གྲི་དེ་ནི། ཆེན་པོ་ལ་སྲོག་གཅོད་དུ་རྨ་འཕོག་པའི་རལ་གྲི་ལགས་པས། དེ་ནི་དེ་དག་གི་ཁང་ཆུང་ལ་འཇུག ༡༥ དེ་ཚོའི་སྙིང་འཇུ་བ་དང་། དེ་ཚོ་མང་དུ་འགྱེལ་བའི་ཕྱིར། རྒྱ་སྒོ་ཀུན་ཏུ་ངས་རལ་གྲིའི་རྩེ་བཙུགས་པ་ཡིན། ཀྱི་ཧུད། དེ་གནམ་ལྕག་ལྟར་ལྷག་ལྷག་བྱས་ཏེ། དེ་དག་གསོད་དུ་གདེང་བ་ལགས། ༡༦ ཁྱོད་ཕྱོགས་གཅིག་ཏུ་ཧྲིལ་ཏེ་གཡས་སུ་འགྲོའམ། གཡོན་ཕྱོགས་སུ་འཕོག་ཅིང་། ཁྱོད་ཀྱི་རལ་ཁ་གར་འཐད་འགྲོར་ཆུག ༡༧ དེ་ནས་ངས་ཀྱང་ལག་བརྡབ་གཏོང་ཞིང་། ཉིད་ཀྱི་ཐུགས་ཁྲོ་ཞི་རུ་གཞུག ཁོ་བོ་ཡ་ཧོ་ཝཱས་དེ་གསུངས་སོ༎
༡༨ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༡༩ ཀྱེ་མིའི་བུ། བཱ་བེལ་རྒྱལ་པོའི་རལ་གྲི་འོང་བ་ལ། རང་གི་ཕྱིར་ལམ་གཉིས་བྱོས་ཤིག ཡུལ་གཅིག་གི་ནང་ནས་ལམ་གཉིས་བྱེད་དེ། རྟགས་སུ་ལག་པ་ཞིག་བྱོས། དེ་ནི་རྒྱལ་སའི་རྒྱ་ལམ་གྱི་མགོར་བྱོས་ཤིག ༢༠ རལ་གྲིའི་རྒྱ་ལམ་གཅིག་དེ། ཨམ་མོན་པའི་བུ་བརྒྱུད་ཀྱི་རབ་བཱ་བྱ་བ་དང་། གཞན་གཅིག་དེ་ཡ་ཧུ་དཱའི་ཡེ་རུ་ཤ་ལེམ་ལྕགས་རི་དང་ལྡན་པའི་ཕྱོགས་སུ་བྱོས་ཤིག ༢༡ ཅི་ལ་ཟེར་ན། མོ་འདེབས་པ་དང་། མདའ་དབྱུག་ཅིང་རྟགས་རིལ་རྒྱབ་པ་དང་། ཕ་ལྟར་བརྟག་པ་ཞུ་སྟེ། མཆིན་པ་ལ་ལྟ་བའི་ཕྱིར། བཱ་བེལ་གྱི་རྒྱལ་པོ་མ་ལམ་གྱི་ལམ་འབྱེ་སར་ལངས་ཏེ་འདུག ༢༢ སྒྱོགས་རྡོའི་འཕྲུལ་འཁོར་འཛུག་པ་དང་། ཁ་འབྱེད་ཅིང་དམག་གི་འུར་སྒྲ་གཏོང་དུ། སྒྲ་སྐད་འདེབས་པ་དང་། རྒྱ་སྒོ་རྣམས་ལ་སྒྱོགས་རྡོ་རྒྱབ་པ་དང་། ཕག་ར་བྱེད་པ་དང་། སྤེའུ་རྩིག་པའི་ཕྱིར་དུ། དེའི་ལག་གཡས་པའི་ནང་། ཡེ་རུ་ཤ་ལེམ་གྱི་རྟགས་རིལ་འཐོན་པར་འགྱུར། ༢༣ ཡང་མནའ་བསྐྱལ་མཁན་རྣམས་ཀྱི་མཐོང་སྣང་དུ། འདི་ནི་རྫུན་གྱི་རྟགས་རིལ་ལྟར་འགྱུར་བར་འགྱུར། འོན་ཀྱང་ཁོང་གིས་དེ་དག་འཛིན་པར་འགྱུར་བའི་ཕྱིར་འགལ་སྐྱོན་དེ་ཐུགས་སུ་དྲན་པར་བྱའོ༎
༢༤ དེ་ཕྱིར་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཚོའི་ལས་ཐམས་ཅད་ཀྱི་ནང་ན་རང་གི་སྡིག་པ་རྣམས་མངོན་པར་བྱས་པའི་ངང་ནས། ཁྱོད་ཅག་གི་ཉེས་འགལ་རྣམས་ཐུགས་སུ་དྲན་བཅུག་བྱུང་། ཁྱོད་ཅག་ལག་པས་འཛིན་པར་འགྱུར་བའི་དྲན་སྐུལ་ཡང་བཏང་བ་ཡིན། ༢༥ ཀྱེ་ཨིས་ར་ཨེལ་གྱི་རྒྱལ་སྲས་གྲིབ་ཅན་སྡིག་སྤྱོད། ཁྱོད་ཀྱི་ཉེས་སྡིག་གི་མཐའ་རྫོགས་དུས་ལ་འབབ་བོ། ༢༦ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། གཙུག་རྒྱན་ཕུད་ཅིག ཅོད་པན་ཕོབ་ཅིག འདི་ལྟར་ལུས་མི་འགྱུར། དམའ་བ་དེ་མཐོ་བར་བྱོས། མཐོ་བ་དེ་དམའ་བར་བྱོས། ༢༧ མགོ་ལོག མགོ་ལོག ངས་དེ་མགོ་ལོག་ཏུ་གཏང་། དེ་ནི་མི་ལུས། རིགས་པའི་རྒྱལ་པོ་དེ་འོང་དུས་སུ། དེ་ལ་སྟེར་བར་བྱའོ༎
༢༨ ད་ཀྱེ་མིའི་བུ། ལུང་སྟོན་ཞིང་འདི་སྐད་སྨྲོས་ཤིག ཡ་ཧོ་ཝཱ་དཀོན་མཆོག་གིས་ཨམ་མོན་པ་དང་། དེ་དག་གི་སྨོད་ཟོར་གྱི་ཕྱིར་འདི་སྐད་གསུང་། རལ་གྲི། རལ་གྲི་ཞིག་བཏོན་འདུག ཡོངས་སུ་གསོད་གཏུབ་གཏོང་ཕྱིར་དེ་ལྷག་ལྷག་བྱས་འདུག་ཅེས་སྨྲོས་ཤིག ༢༩ འོན་ཀྱང་དེ་ཚོས་ཁྱོད་དོན་མེད་མཐོང་ཞིང་། ཁྱོད་ལ་རྫུན་གྱི་མོ་ཟེར་རོ། དེ་ཅིའི་ཕྱིར་ཞེ་ན། འཆི་བ་ལ་ཐུག་པའི་སྣད་པོ་སྡིག་སྤྱོད་དང་། ཞག་རྫོགས་ཏེ་ལས་ངན་པའི་མཐའ་མར་སླེབ་མཁན་གྱི་མཇིང་པར་ཁྱོད་ཀྱང་འབབ་པའི་ཕྱིར་དུའོ། ༣༠ དེ་སླར་ཤུབས་ཀྱི་ནང་དུ་ཆུག་ཅིག ཁྱོད་སྐྱེས་པའི་ཡུལ་དང་། ཁྱོད་ཀྱི་མ་ཁང་གི་ནང་དུ། ངས་ཁྱོད་ཀྱི་ཁྲིམས་གཅོད་ཅིང་། ༣༡ ཁྱོད་ཐོག་ངའི་ཁོང་ཁྲོ་བླུག་ཅིང་། ཉིད་ཀྱི་ཁྲོ་གཏུམ་གྱི་མེ་ཁྱོད་ཀྱི་ཁར་འབུད་པར་བྱ་སྟེ། ཚར་དུ་གཅོད་དུ་རྩལ་དང་ལྡན་པའི་མི་རྒོད་ཀྱི་ལག་པར་ཁྱོད་གཏོད་པར་བྱའོ། ༣༢ ཁྱོད་ནི་མེའི་བུད་ཤིང་དུ་འགྱུར་ཞིང་། ཁྱོད་ཀྱི་ཁོང་ཁྲག་ཡུལ་དབུས་སུ་འབོ་བར་འགྱུར། དེ་ཕྱིན་ཆད་མི་ཀུན་གྱིས་ཁྱོད་དྲན་པར་ཡང་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ང་ཡ་ཧོ་ཝཱས་དེ་ནི་གསུངས་པའི་ཕྱིར་རོ༎