༢༢
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ ད་ཀྱེ་མིའི་བུ། ཁྱོད་ཀྱིས་མི་བསད་ཀྱི་རྒྱལ་སའི་འཚང་འབྲུ་ཞིང་། ཞལ་ཆེ་གཅོད་པར་དགའ་ན། དེ་ཚོ་ལ་དེ་དག་གི་བྱ་བ་ཞེན་ལོག་ཐམས་ཅད་སྟོན་ཞིང་། ༣ དེ་དག་ལ། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཀྱེ་རྒྱལ་ས། ཁྱོད་ཀྱི་དུས་འབབ་པའི་དོན་དུ། རང་གི་ནང་དུ་མི་གསོད་ཅིང་། རང་བརླགས་སུ་སྐུ་འདྲ་བཞེང་། ༤ ཁྱོད་ཀྱིས་ཕོས་པའི་ཁྲག་གི་རྐྱེན་གྱིས་ཁྱོད་ལ་འགལ་ཕོག ཁྱོད་ཀྱིས་བཟོས་པའི་སྐུ་འདྲའི་སྒོ་ནས་ཁྱོད་ལ་རྨེ་གྲིབ་ཕོག ཁྱོད་ཀྱིས་རང་གི་ཚེ་བརྟུངས་ནས། རང་གི་ལོའི་མཐར་བསླེབས་པས་ན། ངས་ཁྱོད་ནི་ཕྱི་པ་རྣམས་ཀྱི་སྨོད་ཟོར་དང་། ཡུལ་སོ་སོའི་སྐུར་ཀླན་དུ་བྱས་པ་ཡིན། ༥ གཏམ་ངན་དང་ཀུན་སློང་ན་ཁྱོད་ཀྱི་མིང་གྲགས་ཆེ་བས། ཁྱོད་དང་ཉེ་བར་ཡོད་པ་དང་། རྒྱང་རིང་དུ་ཡོད་པ་གཉིས་པོས་ཁྱོད་ལ་འཕྱ་བར་འགྱུར།༦ ལྟོས་དང་། ཁྱོད་ཀྱི་ནང་ཡོད་པའི་ཨིས་ར་ཨེལ་གྱི་སྐུ་དྲག་རེ་རེས་ཇི་ནུས་ཀྱིས་ཁྲག་གཟག་པར་བྱས། ༧ ཁྱོད་ཀྱི་ནང་དུ་དེ་ཚོས་རེ་རང་གི་ཕ་མར་ཁྱད་དུ་སད། ཁྱོད་དབུས་རྒྱལ་ཁམས་པ་ལ་དབང་ཆོས་བྱས། ཁྱོད་ནང་ཕ་མེད་མ་མེད་དང་མོ་རང་མོ་ལ་སྡུག་པོ་བསྟེར་བ་ཡིན། ༨ ངའི་དྲུང་དུ་དམ་པ་ཡིན་པ་རྣམས་ལ་ཁྱོད་ཀྱིས་མ་བརྩིས། ངའི་ཤབ་བཱད་རྣམས་ནི་ཁྱོད་ཀྱིས་བརླགས་སུ་བཅུག ༩ དཀྲུག་ཅིང་མི་གསོད་པའི་སྐྱེས་པའང་ཁྱོད་ནང་གདའ། རིར་ཁ་ཟས་ཟ་བ་ཡང་ཁྱོད་ནང་གདའ། འདོད་ལོག་སྤྱོད་པ་ཡང་ཁྱོད་ཀྱི་དཀྱིལ་ན་གདའ། ༡༠ ཕའི་ངོ་ལོ་འཆར་འཇུག་མཁན་ཡང་ཁྱོད་ནང་གདའ། ཟླ་མཚན་དང་ལྡན་པའི་བུད་མེད་སོ་སོར་བཞག་མཁན་ལ་སྤྱོད་པ་ཡང་ཁྱོད་ནང་གདའ། ༡༡ སུས་རང་གི་ཁྱིམ་མཚེས་པའི་ཆུང་མར་ཡང་སྤྱད། སུས་རང་གི་བུའི་མནའ་མར་སྤྱད། ཁྱོད་ཀྱི་ནང་དུ་སུས་རང་གི་སྲིང་མོའམ། རང་གི་ཕའི་བུ་མོར་སྤྱད། ༡༢ ཁྱོད་ཀྱི་ནང་དུ་སུས་མི་གསོད་དུ་ཕག་སུག་བླངས། ཁྱོད་ཀྱིས་སྐྱིན་པར་ཁེ་བླངས་ཏེ། དབང་གིས་རང་གི་ཁྱིམ་མཚེས་པ་ཕྲོགས་ཤིང་ང་བརྗེད་པ་ཡིན། ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༡༣ ལྟོས་ཤིག ཁྱོད་ཀྱིས་བསགས་པའི་མི་རིགས་པའི་ཁེ་དང་། ཁྱོད་ཀྱི་ནང་དུ་བྱུང་བའི་མི་བསད་པའི་ཁྲག་གི་སླད་དུ། ངས་ལག་བརྡབ་བཏང་བ་ཡིན། ༡༤ ངས་ཁྱོད་ཀྱི་ཁྲིམས་ཐག་གཅོད་པའི་དུས་སུ། ཁྱོད་ཀྱི་སྙིང་གིས་སྲན་ནུས་སམ། རང་གི་ལག་ཤེད་ལུས་པར་འགྱུར་རམ། ང་ཡ་ཧོ་ཝཱས་འདི་གསུངས་པ་ཡང་ཡིན། སྒྲུབ་པར་ཡང་བྱའོ། ༡༥ ཡང་ངས་ཁྱོད་ཕྱི་པའི་ཁྲོད་དུ་ཁྲེ་གཏོར་དུ་གཏང་། ཡུལ་སོ་སོར་ཁ་འཐོར་དུ་གཏང་ཞིང་། ཁྱོད་ཀྱི་ནང་ན་ཡོད་པའི་མི་གཙང་བ་དེ་འདོན་པར་བྱའོ། ༡༦ དེ་ནས་ཁྱོད་ཕྱི་པའི་མཐོང་ངོར་རང་ཚེ་ཐུར་འགྱུར་འོང་། དེ་ལྟར་ཁྱོད་ཀྱིས་ཁོ་བོ་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎
༡༧ དེ་ནས་ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༡༨ ཀྱེ་མིའི་བུ། ཨིས་ར་ཨེལ་གྱི་མི་བརྒྱུད་ནི་ངའི་དྲུང་དུ་དྲེག་པའོ། དེ་ཀུན་མེ་ཐབ་ཀྱི་ནང་དུ་ཟངས་དང་། དཀར་གཡའ་དང་། ལྕགས་དང་། ཞ་ཉེ་མ་ཟད། དངུལ་གྱི་དྲེག་པ་ཡིན་པ་མངོན་འོང་། ༡༩ དེའི་ཕྱིར་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཅག་དྲེག་པར་གྱུར་ཟིན་པས་ན། ད་ལྟོས་ཤིག ངས་ཁྱོད་ཅག་ཡེ་རུ་ཤ་ལེམ་གྱི་དབུས་སུ་བསྡུ་བར་བྱ། ༢༠ ཇི་ལྟར་མི་ཀུན་གྱིས་མེ་ཐབ་ཀྱི་དཀྱིལ་དུ་དངུལ་བཟང་ལྕགས་ཞ་ཉེ་དང་དཀར་གཡའ་སྤུངས་ནས། འཇུ་རུ་མེ་འབུད་པ་ལྟར། ངས་ཉིད་ཀྱི་ཐུགས་ཁྲོ་དང་ཁྲོ་གཏུམ་གྱི་ནང་ནས་ཁྱོད་ཚོ་བསྡུ་སྟེ། དེར་བཞག་ནས། འཇུ་བར་བྱའོ། ༢༡ འོ་ན། ངས་ཁྱོད་ཅག་བསྡུས་ཏེ། ཉིད་ཀྱི་ཁོང་ཁྲོའི་མེ་ཁྱོད་ཐོག་ཏུ་སྦར་བ་དང་། དེའི་དཀྱིལ་ན་འཇུ་བར་འགྱུར། ༢༢ མེ་ཐབ་ཀྱི་དཀྱིལ་དུ་དངུལ་འཇུ་ལུགས་སུ། ཁྱོད་ཚོ་དེའི་དཀྱིལ་ན་འཇུ་བར་འགྱུར། དེ་ནས་ཁྱོད་ཚོས་བདག་ཡ་ཧོ་ཝཱས་ཉིད་ཀྱི་ཁོང་ཁྲོ་ཁྱོད་ཀྱི་ཐོག་ཏུ་ཕོས་པ་ཡིན་རྟོགས་པར་འགྱུར་རོ༎
༢༣ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢༤ ཀྱེ་མིའི་བུ། འདི་སྐད་སྨྲོས་ཤིག ཁྱོད་ནི་ཐུགས་ཁྲོའི་དུས་སུ་བྱི་དོར་མ་བྱས་པ་དང་། ཆར་ཆུ་མ་བབས་པའི་ཡུལ་ཁམས་ཏེ། ༢༥ དེའི་ནང་ན་ཡོད་པའི་ལུང་སྟོན་པ་རྣམས་ཀྱིས་ཁ་འདྲིལ་བྱས། དེ་རྣམས་ང་རོ་འདོན་ཞིང་། ཁྱི་ར་གསོད་པའི་སེང་གེ་དར་མ་དང་མཚུངས། དེ་དག་གིས་སྲོག་རྣམས་ཟ་ཞིང་། ནོར་རྫས་དང་བཟང་ནོར་འཕྲོག དེའི་ནང་དུ་མང་ཙམ་མོ་རང་མོ་རུ་བྱས་སོ། ༢༦ དེའི་བླ་མ་རྣམས་ཀྱིས་ངའི་བཀའ་རྒྱ་བཅག་སྟེ། ངའི་རྫས་དམ་པ་རྣམས་བརླགས་པར་བྱས། གཙང་བ་དང་མི་གཙང་བ་གཉིས་ན་ཁྱད་མ་བྱས། རྨེ་གཙང་གཉིས་ཀྱི་ཤན་མ་ཕྱེས། ངའི་ཤབ་བཱད་རྣམས་མ་མཐོང་རྫུན་བརྒྱབ་ནས། དེ་ཚོའི་ཁྲོད་དུ་ང་བརླགས་པར་བྱས། ༢༧ དེ་དག་གི་ཁྲོད་ན་དེ་ཚོའི་སྐུ་དྲག་རྣམས་ཁྱི་ར་གསེད་པའི་སྤྱང་ཀི་རྣམས་དང་མཚུངས་ཏེ། མི་རིགས་པའི་ཁེ་འབོགས་རྙེད་དུ་ཁྲག་འཕོ་ཞིང་སྲོག་གཅོད་དོ། ༢༨ དེའི་ལུང་སྟོན་པ་རྣམས་ཀྱིས་དེ་ཚོ་ལ་དཀར་ཞལ་བཏང་ནས། ཀུན་རྫོབ་མཐོང་ཞིང་། དེ་ཚོ་ལ་རྫུན་གྱི་མངོན་ཤེས་སྟོན་ཏེ། ཡ་ཧོ་ཝཱས་མ་གསུངས་བཞིན་དུ། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་ངོ་ཟེར་རོ། ༢༩ ཡུལ་མིས་དབང་ཤེད་ཀྱིས་འཕྲོག་བཅོམ་བྱས། དབུལ་པོ་དང་ནོར་མེད་ལ་སྙད་བཏགས། བྱེས་མི་ལ་སྙད་བྱས། ༣༠ ངས་དེ་དག་གི་ཁྲོད་ན་ལྕགས་རི་རྩིག་པ་དང་། ཡུལ་དེ་མེད་པར་མི་བྱ་བའི་ཕྱིར། དེའི་གས་འཁྲུགས་ཀྱི་བར་ན་ངའི་དྲུང་དུ་འགྲེང་བའི་མི་ཞིག་ངས་བཙལ་ཡང་། གཅིག་ཀྱང་མ་བརྙེད། ༣༡ དེ་བས་ན་ངས་རང་གི་ཐུགས་ཁྲོ་དེ་ཚོའི་ཁར་བླུག་ཅིང་། ངའི་ཁོང་ཁྲོའི་མེས་དེ་རྣམས་བསྲེགས་ཏེ། དེ་དག་གི་ལམ་ལ་འཁོ་བའི་ལན་དེ་ཚོའི་མགོ་ལ་བཀལ་བར་བྱས་ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎