༢༠
ཡང་ལོ་བདུན་པའི་ཟླ་བ་ལྔ་པའི་ཚེས་བཅུ་པ་ལ། ཨིས་ར་ཨེལ་གྱི་རྒན་པོ་ཁ་ཤས་ཡ་ཧོ་ཝཱ་ལས་ཐུགས་བརྟག་ཞུ་བར་འོངས་ཏེ། བདག་གི་དྲུང་དུ་བསྡད་པ་ལས།  བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ།  ཀྱེ་མིའི་བུ། ཨིས་ར་ཨེལ་གྱི་རྒན་པོ་རྣམས་ལ་གཏམ་བྱེད་ཅིང་། ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཚོ་ང་ལས་བརྟག་པ་ཞུ་བར་འོང་ངམ། ཁྱོད་ཚོས་ང་ལས་བརྟག་པ་ཞུ་བར་མི་འོས། ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་བཙུགས་ཏེ་གསུང་ངོ་སྨྲོས་ཤིག  དེ་ཚོའི་འཚང་འབྲུ་བར་བྱའམ། ཀྱེ་མིའི་བུ། འཚང་འབྲུ་བར་བྱའམ། དེ་ཚོའི་ཕ་མེས་ཀྱི་ཞེན་ལོག་གི་བྱ་བ་རྣམས་དེ་དག་ལ་སྟོན་པར་བྱེད་ཅིང་དེ་ཚོ་ལ།  ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་ངོ་གྱིས་ཤིག ངས་ཨིས་ར་ཨེལ་འདམས་པའི་དུས་སུ། ཡ་ཀོབ་ཀྱི་བུ་བརྒྱུད་ཀྱི་ཕ་སྤད་ཀྱི་ཕྱོགས་སུ་ཕྱག་བཏེགས་ཏེ། མི་སེར་ཡུལ་ན་དེ་དག་ལ་རང་མངོན་དུ་བསྟན་ནས། དེ་དག་གི་ཕྱོགས་སུ་ཕྱག་བཏེགས་ཏེ། མནའ་བསྐྱལ་ནས། དེ་དག་ལ། ང་ནི་ཡ་ཧོ་ཝཱ་ཁྱོད་ཅག་གི་དཀོན་མཆོག་གོ་གསུངས་པ་ཡིན།  ཉིན་མོ་དེར་དེ་དག་གི་ཕྱིར་ངས་དམིགས་པའི་ཡུལ་དུ་མི་སེར་ཡུལ་གྱི་ནང་ནས་ཉིན་མོ་དེར་འདྲེན་པའི་ཕྱིར། དེ་དག་གི་ཕྱོགས་སུ་རང་གི་ཕྱག་བཏེགས་པ་ཡིན། དེ་ནི་ཡུལ་ཐམས་ཅད་ཀྱི་དཔལ་དང་། སྦྲང་རྩི་དང་འོ་མ་འབྲུབ་པའི་ཡུལ་ཁམས་ཤིག་ཡིན་ནོ།  ཡང་ངས་དེ་དག་ལ། ཁྱོད་ཐམས་ཅད་ཀྱི་མིག་ལ་རན་པའི་ཞེན་ལོག་རྣམས་ཕར་དབྱུགས་ཤིག་དང་། མི་སེར་གྱི་སྐུ་འདྲའི་སྒོ་ནས་རང་སྒྲིབ་ཅན་དུ་མ་བྱེད་ཅིག ང་ནི་ཡ་ཧོ་ཝཱ་ཁྱོད་རྣམས་ཀྱི་དཀོན་མཆོག་ལགས་སོ། ཅེས་བསྒོ་རུང་།
 དེ་ཚོས་ང་ལ་ངོ་ལོག་བྱས། ང་ལ་ཉན་སྙིང་མ་འགྲོ་བར། དེ་ཚོའི་ནང་ནས་ཚང་མས་ཀྱང་རང་གི་མིག་གི་ཞེན་ལོག་རྣམས་མ་སྤངས། མི་སེར་གྱི་སྐུ་འདྲ་རྣམས་ཀྱང་མ་བསྐྱུར་བས། ངས་མི་སེར་ཡུལ་ན་རང་གི་ཁྲོ་བ་དེ་དག་གི་ནང་དུ་རྫོགས་པར་བྱེད་དུ། དེ་ཚོའི་ཁར་ཉིད་ཀྱི་ཁྲོ་གཏུམ་བླུག་པར་བྱའོ། གསུངས་པ་ཡིན།  འོན་ངའི་མཚན་ལ་ཕྱི་པའི་མདུན་དུ་གཏམ་ངན་མི་འབྱུང་བའི་ཕྱིར། ངས་འཕྲིན་ལས་བྱས་པ་ཡིན། གང་ལ་ཞེ་ན། དེ་དག་ཕྱི་པའི་དཀྱིལ་ན་གནས་ཡོད་པ་ལས། དེ་དག་མི་སེར་ཡུལ་ལས་ཕྱི་རོལ་དུ་ཁྲིད་པའི་སྒོ་ནས། ཕྱི་པའི་མདུན་དུ་རང་ཉིད་དེ་དག་ལ་མངོན་པར་བསྟན་པ་ཡིན། ༡༠ དེ་ལྟར་དེ་དག་མི་སེར་ཡུལ་ལས་ཕྱུང་སྟེ། འབྲོག་སྟོང་དུ་ཁྲིད་ནས། ༡༡ ངའི་ཚུལ་ཁྲིམས་དེ་དག་ལ་སྤྲད་ནས། རང་གི་ཞལ་ཆེ་རྣམས་བསྟན་པ་ཡིན། མི་ཞིག་གིས་དེ་བཞིན་དུ་སྤྱོད་ན། དེ་དག་གི་ཐབས་ཀྱིས་འཚོ་བར་འགྱུར། ༡༢ ང་ནི་ཡ་ཧོ་ཝཱ་དེ་དག་དམ་པར་བྱེད་མཁན་དེ་ལགས་པ་ཁོང་དུ་ཆུད་པའི་ཕྱིར། དེ་དག་དང་ངའི་བར་ན་རྟགས་སུ་ལུས་པའི་དོན་དུ། ངས་དེ་དག་ལ་ངའི་ཤབ་བཱད་རྣམས་ཀྱང་བྱིན་པ་ཡིན།
༡༣ འོན་ཀྱང་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་འབྲོག་སྟོང་ནང་ང་ལ་ངོ་ལོག་བྱས་ཏེ། ངའི་སྤྱད་མཚམས་ནང་མ་འགྲུལ་བར། ངའི་ཞལ་ཆེ་རྣམས་ལ་བརྙས་པར་བྱས། དེ་ལ་ལྟས་ཏེ། མི་ཞིག་གིས་དེ་བཞིན་དུ་བྱེད་ན་འཚོ་བར་འགྱུར། དེ་མ་ཟད། ངའི་ཤབ་བཱད་རྣམས་བརླགས་པར་བྱས་སོ། དེ་ནས་ངས་དེ་དག་སྣུབ་ཏུ་ཉིད་ཀྱི་ཁྲོ་གཏུམ་དེ་ཚོའི་ཁར་བླུགས་པར་བྱའོ། གསུངས་པ་ཡིན། ༡༤ འོན་ངས་དེ་དག་ཕྱི་པའི་མཐོང་ངོར་ཁྲིད་ནས་ཕྱི་པའི་མདུན་དུ་གཏམ་ངན་མི་འབྱུང་དུ། ངའི་མཚན་གྱི་དོན་དུ་འཕྲིན་ལས་བྱས་ནའང་།
༡༥ ཡུལ་ཐམས་ཅད་ཀྱི་དཔལ་ལགས་ཤིང་། ངས་དེ་དག་ལ་སྟེར་བའི་འོ་མ་དང་སྦྲང་རྩི་ལུད་པའི་ཡུལ་དེའི་ནང་དུ་དེ་དག་མི་འཁྲིད་པའི་ཕྱིར། འབྲོག་སྟོང་ནང་དེ་དག་གི་ཐོག་ཏུ་ཕྱག་བཏེགས་པ་ཡིན། ༡༦ དེ་ཅིའི་ཕྱིར་ཞེ་ན། དེ་ཚོའི་སྙིང་རང་གི་སྐུ་འདྲའི་རྒྱབ་ནས་བྲངས་པས། ངའི་བཀའ་ཁྲིམས་ལ་ཁྱད་དུ་སད། ངའི་ཚུལ་ཁྲིམས་བཞིན་མ་འགྲུལ་བར། ངའི་ཤབ་བཱད་རྣམས་བརླགས་པར་བྱས་སོ། ༡༧ ད་དུང་ཡང་ངའི་མིག་གིས་དེ་དག་ལ་ཕངས་ཤིང་། འབྲོག་སྟོང་དུ་མེད་པར་མ་བྱས། འབྲོག་སྟོང་དུ་ཚར་དུ་ཡང་མ་བཅད་པར། ༡༨ དེ་དག་གི་བུ་རྣམས་ལ་ངས་འབྲོག་སྟོང་དུ། ཁྱོད་ཅག་གི་ཕ་མེས་ཀྱི་ཚུལ་ཁྲིམས་བཞིན་དུ་མ་འགྲུལ་ཞིག དེ་དག་གི་ཁྲིམས་ལ་ཡང་མ་ལྟ་ཞིག དེ་ཚོའི་སྐུ་འདྲས་རང་བརླགས་པར་མ་བྱེད་ཅིག ༡༩ ང་ནི་ཡ་ཧོ་ཝཱ་ཁྱོད་ཅག་གི་དཀོན་མཆོག་ལགས་པས། ངའི་ཚུལ་ཁྲིམས་བཞིན་འགྲུལ་ཞིང་། ངའི་བཀའ་རྒྱ་སྲུང་ཞིང་སྤྱོད་ཅིག ༢༠ ངའི་ཤབ་བཱད་རྣམས་དམ་པར་རྩིས་ཤིག ང་ནི་ཡ་ཧོ་ཝཱ་ཁྱོད་རྣམས་ཀྱི་དཀོན་མཆོག་ལགས་པ་ངོ་འཕྲོད་པའི་ཕྱིར་དུ། དེ་རྣམས་ཁྱོད་ཚོ་དང་ངའི་བར་ལ་རྟགས་སུ་འགྱུར་བར་འགྱུར། ཞེས་བཀའ་གནང་རུང་།
༢༡ བུ་རྣམས་ཀྱིས་ང་ལ་ངོ་ལོག་བྱས། ངའི་ཚུལ་ཁྲིམས་བཞིན་མ་འགྲུལ་བར། ངའི་བཀའ་རྒྱ་ལྟར་བྱེད་དུ་མ་སྲུངས། མིས་དེ་རྣམས་སྲུང་ན། འཚོ་བར་འགྱུར་རོ། འོན་ཀྱང་ངའི་ཤབ་བཱད་རྣམས་བརླགས་སུ་བཅུག དེ་ནས་དེ་ཚོའི་ཁར་ངའི་ཁྲོ་གཏུམ་བླུག་ཅིང་། ངའི་ཁོང་ཁྲོ་དེ་དག་གི་ཐོག་ཏུ་འབྲོག་སྟོང་ནང་རྫོགས་པར་བྱའོ། གསུངས་པ་ཡིན། ༢༢ འོན་ངའི་ཕྱག་ཚུར་འཐེན་ཏེ། ངས་དེ་དག་ཕྱི་པའི་མཐོང་ངོར་ཁྲིད་ནས། ཕྱི་པ་རྣམས་ཀྱི་མདུན་དུ་གཏམ་ངན་མི་འབྱུང་བའི་ཕྱིར། ངའི་མཚན་གྱི་ཆེད་དུ་འཕྲིན་ལས་བྱས་པ་ཡིན།
༢༣ སླར་ངས་དེ་དག་ཕྱི་པ་རྣམས་ཀྱི་ནང་དུ་ཁྲེ་གཏོར་བྱེད་པ་དང་། ཡུལ་སོ་སོ་རུ་ཁྲ་ཟིང་བྱེད་དུ། ང་རང་གི་ཕྱག་འབྲོག་སྟོང་ན་བཏེགས་པ་ཡིན། ༢༤ དེ་ཅིའི་ཕྱིར་ཞེ་ན། དེ་དག་ངའི་བཀའ་ཁྲིམས་བཞིན་མ་སྤྱད་པར། ངའི་ཚུལ་ཁྲིམས་རྣམས་ཁྱད་དུ་སད། ངའི་ཤབ་བཱད་རྣམས་བརླགས་པར་བྱས། དེ་ཚོའི་མིག་གིས་རང་གི་ཕ་མེས་ཀྱི་སྐུ་འདྲ་ལ་བལྟས་པ་ཡིན། ༢༥ དེའི་ཕྱིར་ངས་དེ་དག་ལ་བཟང་པོ་མིན་པའི་ཚུལ་ཁྲིམས་དང་། དེ་དག་འཚོ་བར་མི་བྱེད་པའི་བཀའ་ཁྲིམས་རྣམས་གནང་སྟེ། ༢༦ ངས་དེ་དག་རང་གི་མཆོད་པའི་ཐབས་ཀྱིས་བརླགས་བཅུག་པ་ཡིན། གང་ལ་ཞེ་ན། དེ་དག་གི་སྔོན་སྐྱེས་ཐམས་ཅད་མེའི་དཀྱིལ་ལས་འགྲུལ་བཅུག་པའི་ཕྱིར་ངས་དེ་དག་སྟོངས་སུ་བཅུག་པ་ཡིན། དེ་ཚོས་ང་ཡ་ཧོ་ཝཱ་ལགས་པ་རྟོགས་པའི་ཕྱིར་རོ༎
༢༧ དེ་བས་ན་ཀྱེ་མིའི་བུ། ཨིས་ར་ཨེལ་གྱི་མི་བརྒྱུད་ལ་གཏམ་བྱེད་ཅིང་། དེ་དག་ལ་འདི་སྐད་སྨྲོས་ཤིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཚོའི་ཕ་མེས་ཀྱིས་ཀྱང་འདི་འདྲ་བྱེད་ཅིང་། ཁོ་བོའི་དབུ་འཕང་ལ་སྨད་པའི་ངང་ནས། ང་ལ་མཚམས་མེད་པའི་སྡིག་པ་བྱས་སོ། ༢༨ དེ་ཅི་ལྟར་ཞེ་ན། ངས་དེ་ཚོ་ལ་སྟེར་བའི་ཕྱིར། ངའི་ཕྱག་བཏེགས་པའི་ཡུལ་ཁམས་སུ་ཁྲིད་དུས། དེ་དག་གིས་རི་མཐོ་ཚད་དང་། སྐྱེ་ཤིང་སྟུག་པོ་ཞིག་ག་རུ་མཐོང་ན། དེར་རང་གི་དམར་མཆོད་ཕུལ་ཏེ། དེར་ཁོ་བོའི་ཁོང་ཁྲོ་དཀྲུག་པའི་མཆོད་པ་དང་། དྲི་བསུང་གི་བསངས་དང་། གསེར་སྐྱེམས་བཏང་བ་ཡིན། ༢༩ དེ་ནས་ངས་དེ་དག་ལ། ཁྱོད་ཅག་འགྲོ་བའི་མཐོ་གླིང་ཅི་ཡིན། གསུངས་པ་ལགས། ཡང་དེའི་མིང་ལ་དེ་རིང་གི་བར་དུ་བཱ་མཱ་ཞེས་ཟེར་རོ༎
༣༠ དེའི་ཕྱིར་ཁྱོད་ཀྱིས་ཨིས་ར་ཨེལ་གྱི་མི་བརྒྱུད་ལ་འདི་སྐད་སྦྲོན་ཅིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཚོ་རང་གི་ཕ་མེས་ལྟར་བརླགས་ཏེ། དེ་དག་གི་ཞེན་ལོག་གི་བྱ་བ་དང་འདྲ་བར། ཁྱོད་ཅག་གིས་ཀྱང་ལོག་གཡེམ་བྱེད་དམ། ༣༡ ཁྱོད་ཚོས་རང་གི་མཆོད་པ་འབུལ་ཞིང་། རང་གི་བུ་རྣམས་མེ་དཀྱིལ་ནས་འགྲུལ་འཇུག་པའི་ཚེ་ན། ཁྱོད་ཚོ་རང་གི་སྐུ་འདྲ་ཐམས་ཅད་ཀྱི་རྐྱེན་གྱིས་ཉི་མ་དེ་རིང་གི་བར་དུའང་རང་བརླགས་པར་བྱེད། དེ་བས་ན་ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད། དེ་ལྟར་བྱས་པའི་སྟེང་དུ་ཁྱོད་ཚོ་ལ། ང་ལས་བརྟག་པ་ཞུ་བའི་དགོངས་པ་གནང་ངམ། ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་བཙུག་སྟེ། ཁྱོད་ཚོ་ལ་ང་ལས་བརྟག་པ་ཞུ་བར་མི་གནང་ངོ་ཞེས་གསུང་ངོ་། ༣༢ ཁྱོད་ཅག་གི་བསམ་པ་ནི། ང་ཚོ་ཕྱི་པ་ལྟ་བུར་གྱུར་ཏེ། ཡུལ་སོ་སོའི་མི་བརྒྱུད་སོ་སོ་དང་འདྲ་བར། ཤིང་དང་རྡོ་ལ་རྟེན་པར་བྱའོ་ཟེར་བ་ལྟར། རྩ་བ་ནས་འབྱུང་བར་མི་འགྱུར་རོ། ༣༣ ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་བཙུགས་ནས་འདི་སྐད་གསུང་། ངེས་པར་མཐུ་ལྡན་གྱི་ཕྱག་དང་། བརྐྱང་ཡོད་པའི་ཕྲག་པ་དང་། ཁྲོ་གཏུམ་བླུག་པའི་ངང་ནས་ཁོ་བོ་ཁྱོད་ཚོའི་རྒྱལ་པོར་འགྱུར་ཏེ། ༣༤ ཕྱག་མཐུ་ལྡན་དང་། བརྐྱང་ཡོད་པའི་ཕྲག་པ་དང་། ཁྲོ་གཏུམ་བླུག་པའི་ངང་ནས། ཁྱོད་ཅག་མི་སྡེ་སོ་སོའི་ནང་ནས་ཕྱུང་སྟེ། ཁྲེ་ཐོར་དུ་ཡོད་པའི་ཡུལ་སོ་སོའི་ནང་ནས་བསྡུས་ཏེ། ༣༥ མི་སྡེ་སོ་སོའི་འབྲོག་སྟོང་དུ་ཁྲིད་དེ། དེར་ངས་ཁྱོད་ཅག་གི་གདོང་དུ་ཞལ་ངོས་སུ་རྩོད་གླེང་བྱའོ། ༣༦ ཇི་ལྟར་མི་སེར་ཡུལ་གྱི་འབྲོག་སྟོང་ན་ངས་ཁྱོད་ཅག་གི་མེས་པོ་རྣམས་ལ་འཁྲབ་པ་ཡིན། དེ་ཁོ་ན་བཞིན་དུ་ཁྱོད་ཅག་དང་འཁྲབ་པར་བྱའོ་ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་། ༣༧ དེ་ནས་ངས་ཁྱོད་ཅག་དབྱུག་པའི་འོག་ནས་སྲུལ་ཞིང་། ཞལ་ཆད་ཀྱི་འཆིང་བས་སྡོམ་པར་བྱ་སྟེ། ༣༨ ངོ་ལོག་མཁན་དང་། ངའི་བཀའ་ལས་འགལ་བའི་མི་རྣམས་ཁྱོད་ཅག་གི་ཁྲོད་ནས་བཏོན་ཏེ། ངས་དེ་རྣམས་གཞིས་ཕབ་ཡོད་པའི་ཡུལ་གྱི་ནང་ནས་འདོན་པར་བྱའི། ཨིས་ར་ཨེལ་ཡུལ་གྱི་ནང་དུ་དེ་རྣམས་འཇུག་པར་མི་འགྱུར་རོ། དེ་ནས་ཁྱོད་ཅག་གིས་ཁོ་བོ་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎
༣༩ ཨིས་ར་ཨེལ་གྱི་མི་བརྒྱུད་ཁྱོད་ལ་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། སོང་ལ། རེ་རང་གི་སྐུ་འདྲ་ལ་རྟེན་ཅིག ཕྱིན་ཆད་ཀྱང་ང་ལ་ཉན་པར་མི་དགའ་ནའང་། ཁྱོད་རང་གི་མཆོད་པ་དང་སྐུ་འདྲས་ངའི་མཚན་དམ་པ་དེ་བརླགས་པར་མི་བྱའོ། ༤༠ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ངའི་རི་དམ་པ། ཨིས་ར་ཨེལ་གྱི་མཐོང་སའི་རི་བོ་ལ། ཡུལ་ན་ཡོད་ཚད་ཀྱི་ཨིས་ར་ཨེལ་གྱི་མི་བརྒྱུད་མཐའ་དག་གིས་ངའི་གཡོག་བྱེད་པར་འགྱུར། དེ་ནས་ངས་དེ་དག་བསྣམས་ཏེ། དེར་ཁྱོད་ཅག་གི་མཆོད་འབུལ་དང་། ཁྱོད་ཅག་གི་ཐོག་ཕུད་ཀྱི་མཆོད་པ་དང་། ཁྱོད་ཅག་གི་དམ་པའི་རྫས་རྣམས་ངས་རྩོད་པར་བྱའོ། ༤༡ ངས་ཁྱོད་རྣམས་མི་སྡེ་སོ་སོའི་ནང་ནས་འདོན་ཞིང་། ཡུལ་ཀུན་གྱི་ནང་ན་ཁ་ཐོར་ནས་ཡོད་པ་རྣམས་བསྡུ་བའི་ཚེ་ན། ཁྱོད་ཅག་དྲི་བསུང་ལྟར་སྣོམ་པར་བྱ་ཏེ། ང་ནི་ཕྱི་པའི་མདུན་དུ་ཁྱོད་ཅག་གི་ནང་ན་དམ་པར་རྩི་བར་འགྱུར། ༤༢ ཡང་ངས་ཁྱོད་ཚོའི་ཕ་མེས་པོ་ལ་གནང་དུ་ཕྱག་བཏེགས་པའི་ཡུལ། ཨིས་ར་ཨེལ་གྱི་ཡུལ་ཁམས་ཀྱི་ནང་དུ་ཁྱོད་ཅག་འཁྱེར་དུས་སུ། ཁོ་བོ་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། ༤༣ ཡང་དེར་ཁྱོད་ཚོས་རང་བརླགས་པའི་རང་གི་ལམ་དང་སྤྱོད་པ་ཐམས་ཅད་དྲན་ཅིང་། རང་གིས་བྱས་པའི་བྱ་བ་ངན་པ་ཐམས་ཅད་ཀྱི་ཕྱིར། ཁྱོད་ཅག་རང་གིས་རང་ལ་ཞེན་པ་ལོག་པར་འགྱུར་རོ། ༤༤ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཀྱེ་ཨིས་ར་ཨེལ་གྱི་ཕ་སྤད། ངས་ཁྱོད་ཚོའི་ལམ་ངན་པ་དང་། བརླགས་པའི་སྤྱོད་པ་དང་བསྟུན་ནས་མ་མཛད་པར་ཉིད་ཀྱི་མཚན་གྱི་ཆེ་བའི་དོན་དུ་ཁྱོད་ཚོའི་ནང་ན་འཕྲིན་ལས་མཛད་པ་ཡིན། དེ་ནས་ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། ༤༥ དེ་ནས་ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༤༦ ཀྱེ་མིའི་བུ། རང་གི་གདོང་ལྷོ་ཕྱོགས་སུ་སྟོན་ལ། ལྷོར་གཏམ་གླེང་ཞིང་། ལྷོ་ཕྱོགས་ཀྱི་ཐང་གི་ནགས་ཚལ་ལ་བལྟས་ཏེ། ལུང་སྟོན་ཞིང་། ༤༧ ལྷོའི་ནགས་ཚལ་ལ། ཡ་ཧོ་ཝཱའི་བཀའ་ལ་ཉོན་དང་། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས། ངས་ཁྱོད་ཀྱི་ནང་ན་མེ་ཞིག་སྦར་བ་དང་། དེར་ཁྱོད་ཀྱི་ནང་ན་ཡོད་པའི་ཤིང་སྡོང་སྔོན་པོ་ཐམས་ཅད་དང་། སྐྱེ་ཤིང་སྐམ་པོ་ཚང་མ་ཟ་བར་འགྱུར། འབར་བའི་མེ་ལྕེ་དེ་འཆི་བར་མི་འགྱུར་ཏེ། བྱང་ཕྱོགས་ནས་ལྷོ་ཕྱོགས་ཀྱི་བར་དུ་ཚང་མའི་གདོང་པ་དེས་བསྲེག་པར་འགྱུར། ༤༨ དེ་ནས་ཤ་ཡོད་དོ་ཅོག་གིས་ཁོ་བོ་ཡ་ཧོ་ཝཱས་མེ་དེ་སྦར་བ་ཡིན་པ་མཐོང་བར་འགྱུར། མེ་དེ་འཆི་བར་མི་འགྱུར། ༤༩ དེ་ནས་བདག་གིས། ཀྱི་ཧུད། ཡ་ཧོ་ཝཱ་དཀོན་མཆོག དེ་ཚོས་བདག་ལ། དེས་གཏམ་དཔེ་འཆད་པར་མི་བྱེད་དང་། ཟེར་རོ། ཞེས་ཞུས་པ་ཡིན་ནོ༎