༡༩
ད་ཨིས་ར་ཨེལ་གྱི་སྐུ་འདྲ་རྣམས་ཀྱི་ཕྱིར་སྡུག་གླུ་འདི་ལེན་ཞིག ༢ ཁྱོད་ཀྱི་མ་དེ་སུ་ཡིན་ཟེར་ན། སེང་མོ་སེང་ཁྲོད་དུ་ཉལ་ཡོད་པ། སེང་དར་མའི་གསེབ་སེང་ཕྲུག་རྣམས་བསྐྱངས། ༣ སེང་ཕྲུག་ནང་ནས་གཅིག་དེས་བསོས་ཏེ། སེང་དར་མ་ཞིག་ཏུ་དེ་གྱུར་ནས། ལིངས་བྱེད་པར་བསླབས་ནས་མི་རྣམས་བཟས། ༤ མི་རིགས་སོ་སོས་དེའི་ལོ་ཐོས་ནས། དེ་ཚོའི་ས་དོང་ནང་ཁོ་འཁད་པས། སྣ་ལོ་བཅུག་ནས་མི་སེར་དུ་དྲངས། ༥ སེང་མོ་བསྒུག་བསྒུགས་རེ་བ་ཟད་པས། སེང་ཕྲུག་ནང་ནས་ཡང་གཅིག་བླངས་ཏེ། སེང་དར་མ་ཞིག་ཏུ་དེ་བྱས་པས། ༦ སེང་ཁྲོད་དུ་འགྲིམ་ནས་ལིངས་ལོབས་ཏེ། དེས་ཀྱང་མི་རྣམས་ཟ་བར་བྱས་ཏེ། ༧ ཁོ་ཚོའི་ཆུང་མ་རྣམས་ངོ་ཕྲོད་དེ། དེ་ཚོའི་གྲོང་ཁྱེར་རྣམས་སྟོངས་སུ་བཅུག དེའི་ང་རོས་ཡུལ་ནང་ཡོད་པ་སྟོངས། ༨ ཡང་མི་བརྒྱུད་དུ་མ་ལྗོངས་སོ་སོའི། ཕྱོགས་ཀུན་ནས་དེའི་དགྲར་ལངས་ཏེ། རྒྱ་ཕངས་དེ་ཚོའི་དོང་ནང་འཁད། ༩ སྣ་ལོ་ཡིས་དྲ་མིག་ནང་དྲུད་དེ། བཱ་བེལ་རྒྱལ་པོའི་དྲུང་དུ་ཁྱེར་ཏེ། ཨིས་ར་ཨེལ་གྱི་རི་བོ་རྣམས་ལས། སླར་དེའི་སྒྲ་མ་ཐོས་ཕྱིར་བཀག་བཞག༡༠ ཁྱོད་འདྲ་བའི་མ་ཡང་ཆུ་འགྲམ་དུ། བཙུགས་པའི་རྒུན་ཤིང་ལྟར་ཡོད་པ་ཡིན། ཆུ་མོད་རྐྱེན་གྱིས་ཤིང་འབྲས་མང་ཞིང་། ཡལ་འདབ་མང་པོ་རྒྱས་པར་གྱུར་ཏེ། ༡༡ མངའ་བདག་ཚོའི་འཁར་བར་མཁོ་བ་ཡི། ཡལ་ག་ཆེན་པོ་རྣམས་དེ་ལ་སྐྱེས། ཡལ་ག་སྟུག་དཀྱིལ་སྡོང་པོ་མཐོར་སོང་། ཡལ་འདབ་མང་པོ་བཅས་མཐོས་པར་མཐོང་། ༡༢ ཐུགས་ཁྲོའི་ནང་དྲུང་ནས་ཕྱུང་སྟེ། བརྡབས་པས། ཤར་རླུང་གིས་ཤིང་འབྲས་བསྐེམ་བཅུག་ནས། དེའི་ཡལ་ག་ཆེ་བ་རྣམས་བཅག་ནས། སྐམས་པ་དང་མེས་སྲེག་པར་མཛད་དོ། ༡༣ ད་དེ་ནི་ཐང་སྟོང་སྐམ་པོ་དང་། སྐོམ་པའི་ས་ནང་དུ་བཙུགས་པ་དང་། ༡༤ དེའི་ཡལ་གའི་འཁར་བ་ཞིག་ལས་ནི། མེ་བྱུང་ནས་དེ་ཡི་ཤིང་འབྲས་ཟོས། དེ་ལྟར་མངའ་བྱེད་འཁར་བར་འཁོ་བའི། ཡལ་ག་ཆེན་པོ་གང་ཡང་མ་ལུས། འདི་སྡུག་གླུ་སྟེ་སྡུག་གླུར་ལུས་འོང་༎