༡༨
ཡང་སྐྱར་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ།  ཁྱོད་རྣམས་ཀྱིས་ཨིས་ར་ཨེལ་ཡུལ་གྱི་སྐོར་དུ། ཕ་མེས་པོས་རྒུན་འབྲུམ་སྐྱུར་པོ་བཟས་པས། བུ་རྣམས་ཀྱི་སོ་བརྩིད་དོ། ཞེས་པའི་གཏམ་དཔེ་ཅི་ལ་ཟེར་བར་བྱེད།  ཡ་ཧོ་ཝཱས་འདི་སྐད་དུ། ད་ཕྱིན་ཆད་ཁྱོད་ཅག་གིས་གཏམ་དཔེ་འདི་ཨིས་ར་ཨེལ་གྱི་ནང་ན་ཟེར་ས་མི་འབྱུང་། ཞེས་ངས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་བཙུག་སྟེ་སྨྲ།  ལྟོས་ཤིག སེམས་ཉིད་ཚང་མ་ངའི་ཡིན་ཏེ། ཕའི་སེམས་ངའི་ཡིན་པ་ལྟར། བུའི་སེམས་ཀྱང་ངའི་ཡིན་པས། སྡིག་པ་སྤྱོད་པའི་སེམས་ཉིད་དེ་འཆི་བར་འགྱུར།
 འོན་ཀྱང་ཆོས་དྲང་པོའི་མིས་ཁྲིམས་དྲང་པོ་དང་རིགས་པ་བཞིན་དུ་སྤྱོད་ཅིང་།  རི་རྣམས་ཀྱི་སྟེང་དུ་ཁ་ཟས་མ་བཟས་པ་དང་། ཨིས་ར་ཨེལ་གྱི་བྱ་བརྒྱུད་ཀྱི་སྐུ་འདྲ་རྣམས་ལ་མིག་བཏེགས་ཏེ་མ་བལྟས་པ་དང་། རང་གི་ཁྱིམ་མཚེས་པའི་ཆུང་མ་བརླགས་པར་མ་བྱས་པ་དང་། ཟླ་མཚན་དང་ལྡན་པའི་བུད་མེད་ཀྱི་རྩར་མ་ཕྱིན་པ་དང་།  གང་ལའང་དབང་ཡོད་མ་བྱས་པར། བུན་པ་ལ་གཏེ་པ་ཕྱིར་ལོག་བྱིན་ཏེ། དབང་ཡོད་བྱས་ཏེ་ཅིའང་མ་འཕྲོག་པ་དང་། ལྟོགས་པ་ལ་རང་གི་ཁ་ཟས་བསྟེར་ཏེ། གཅེར་བུ་ལ་གོས་གྱོན་པ་དང་།  སྐྱེད་ཀྱི་ཕྱིར་དུའང་མི་སྐྱི་བར། སྐྱེད་མ་བླངས་པ་དང་། མི་དགེ་བ་ལས་རང་གི་ལག་པ་བསྐུམ་སྟེ། མི་དང་མིའི་བར་ལ་ཞལ་ཆེ་དྲང་པོར་གཅོད་ཅིང་།  ཁོ་བོའི་ཚུལ་ཁྲིམས་ལ་སྤྱད་དེ། དྲང་བ་ཉིད་ཀྱི་བྱ་བ་བྱེད་དུ། ངའི་བཀའ་ཁྲིམས་རྣམས་ཡིད་ལ་འཆང་ན། དེ་ནི་ཆོས་དྲང་པོ་ལགས་པས། ངེས་པར་འཚོ་བར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༠ གལ་ཏེ་དེ་ལས་ཇག་པའམ་མི་ཁྲག་གཟག་མཁན་ནམ། དེ་ལྟར་བུའི་སྡིག་པ་དག་གི་ནང་ནས་གང་ཡང་བྱེད་པའི་བུ་ཞིག་སྐྱེས་ནས། ༡༡ དེས་བྱ་བ་བཟང་པོ་དེ་རྣམས་མི་བྱེད་པར། རི་ལ་མཆོད་ཟས་བཟས་ཤིང་། ཁྱིམ་མཚེས་པའི་ཆུང་མ་བརླགས་པར་བྱས། ༡༢ དབུལ་པོ་དང་ནོར་མེད་ལ་དབང་ཡོད་བྱས། དབང་གིས་འཕྲོག་ཅིང་། གཏེ་མ་མ་བཟློགས། སྐུ་འདྲ་ལ་མིག་བཏེགས་ཏེ་ལྟས། སྐྱུག་བྲོ་བའི་ལས་བྱས། ༡༣ སྐྱེད་ཀྱི་ཕྱིར་སྐྱི་ཞིང་། སྐྱེད་ལྕི་བ་ལེན་པའི་མི་དེ་འཚོ་བར་འགྱུར་རམ། འཚོ་བར་མི་འགྱུར། ཞེན་ལོག་གི་བྱ་བ་དེ་ཐམས་ཅད་བྱས་པས། ངེས་པར་འཆི་བར་འགྱུར། དེའི་སྲོག་ཁག་དེ་རང་གི་ཐོག་ཏུ་ལུས་པར་འགྱུར་རོ༎
༡༤ ཡང་ཇི་སྟེ་དེ་ལས་ཆད་པའི་བུ་ཞིག་གིས་ཕས་བྱས་པའི་སྡིག་པ་ཚང་མ་མཐོང་སྟེ་བསམ་མནོ་བཏང་བས། ཕ་ལྟར་མི་བྱེད་པར། ༡༥ རིར་མཆོད་ཟས་ཀྱང་མ་བཟས། ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་སྐུ་འདྲ་ལ་མིག་ཀྱང་མ་བཏེགས། ཁྱིམ་མཚེས་པའི་ཆུང་མ་ཡང་བརླགས་པར་མ་བྱས། ༡༦ སུ་ལའང་དབང་ཡོད་མ་བྱས། གཏེ་མ་ཡང་བསྡམ་མ་བཞག དབང་གིས་མི་འཕྲོག་པར། ལྟོགས་མཁན་ལ་རང་གི་ཁ་ཟས་བསྟེར་ཏེ། གཅེར་བུ་ལ་གོས་ཀྱིས་གཡོགས། ༡༧ དབུལ་པོའི་ནོར་ལས་རང་གི་ལག་པ་འཐེན་ཏེ། སྐྱེད་དང་ཤོགས་མི་བླང་བར། ངའི་བཀའ་ཁྲིམས་ལྟར་སྤྱད་ཅིང་། ངའི་ཚུལ་ཁྲིམས་ནང་འགྲུལ་བ་དེ་ནི། རང་གི་ཕའི་ཉེས་སྡིག་གི་དོན་དུ་མི་འཆིའི། ངེས་པར་འཚོ་བར་འགྱུར་རོ། ༡༨ དེའི་ཕས་སྙིང་རྗེ་མེད་པར་དབང་ཆོས་བྱས་ཏེ། དབང་གིས་རང་གི་སྤུན་གྱི་ནོར་ཕྲོགས་ནས། རང་གི་མི་སྡེའི་མདུན་དུ་བཟང་པོ་མིན་པ་དེ་བྱས་པས། དེ་རང་གི་མི་དགེ་བའི་ནང་དུ་འཆི་བར་འགྱུར་རོ༎
༡༩ འོན་ཀྱང་ཁྱོད་ཚོས། བུས་ཕའི་མི་དགེ་བའི་ཁལ་ཅི་ལ་མི་འཁུར་ཟེར་རོ། འོན་བུས་ཚུལ་ཁྲིམས་དང་མཐུན་པ་དང་། རིགས་པ་དེ་བྱས་ཏེ། ངའི་ཚུལ་ཁྲིམས་བསྲུངས་ཏེ་སྤྱད་པས། དེ་ངེས་པར་གསོན་པར་འགྱུར་རོ། ༢༠ སྡིག་པ་བྱེད་པའི་སེམས་ཉིད་དེ་རང་འཆིའི། བུས་ཕའི་མི་དགེ་བའི་ཁལ་ཐོགས་པར་མི་འགྱུར། ཕས་ཀྱང་བུའི་མི་དགེ་བའི་ཁལ་ཐོགས་པར་མི་འགྱུར། ཆོས་དྲང་པོའི་དྲང་བ་ཉིད་དེ་རང་གི་ཐོག་ཏུ་འབབ་པར་འགྱུར། སྡིག་སྤྱོད་ཀྱི་ངན་ཡང་དེ་རང་གི་ཐོག་ཏུ་འབབ་པར་འགྱུར།
༢༡ ཡང་ཇི་སྟེ་སྡིག་སྤྱོད་རང་གིས་བྱས་པའི་སྡིག་པ་ཐམས་ཅད་སྤང་སྟེ། ངའི་སྤྱད་མཚམས་ཐམས་ཅད་སྲུང་ཞིང་། བཀའ་ཁྲིམས་ལྟར་ཆོག་པ་དང་། རིགས་པ་དེ་སྤྱད་ན། དེ་ཡང་དག་པར་གསོན་གྱིས། འཆི་བར་མི་འགྱུར། ༢༢ དེས་བྱས་པའི་མཚམས་མེད་པ་ཐམས་ཅད་ཀྱང་དྲན་པར་མི་བྱ་སྟེ། དེ་བྱས་པའི་དྲང་བ་ཉིད་ཀྱི་ནང་ན་གསོན་པར་འགྱུར། ༢༣ སྡིག་སྤྱོད་རང་གི་ལམ་རྣམས་སྤང་ཞིང་། གསོན་དུ་མ་གཏོགས། དེ་ཤི་བའི་ནང་དུ་ང་ལ་དགའ་བ་ཅི་ཞིག་ཀྱང་ཡོད་དམ། ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་།
༢༤ ཡང་ཇི་སྟེ་ཆོས་དྲང་པོས་རང་གི་ཆོས་དྲང་པོ་དེ་སྤང་སྟེ། མི་དགེ་བ་སྤྱོད་ཅིང་། སྡིག་སྤྱོད་ཀྱིས་བྱེད་པ་ལྟར་ཞེན་ལོག་གི་ལས་ཀུན་བྱེད་ན། དེ་གསོན་པར་འགྱུར་རམ། དེས་བྱས་པའི་ཆོས་དྲང་པོའི་ལས་ཐམས་ཅད་དྲན་པར་མི་བྱའི། དེ་འགལ་བའི་མཚམས་མེད་པ་དང་། དེས་བྱས་པའི་ཉེས་སྡིག་གི་ནང་དུ་འཆི་བར་འགྱུར། ༢༥ དེའི་སྟེང་དུ་ཡང་ཁྱོད་ཚོས། ཡ་ཧོ་ཝཱའི་མཛད་ལུགས་ནི་ཀུན་སྙོམས་མི་འདུག་གོ་ཟེར། ད་ཀྱེ་ཨིས་ར་ཨེལ་གྱི་ཕ་སྤད། ཚུར་ལ་ཉོན་དང་། ངའི་མཛད་ལུགས་དེ་ཀུན་སྙོམ་མེད་དམ། སྙོམས་པོ་མེད་པ་ནི་ཁྱོད་ཚོའི་བྱེད་ལུགས་མ་ཡིན་ནམ། ༢༦ ཇི་སྟེ་ཆོས་དྲང་པོས་རང་གི་ཆོས་དྲང་པོ་སྤང་ཞིང་། མི་དགེ་བ་བྱེད་པ་ལ་ཞུགས་ནས་འཆི་ན། དེས་བྱས་པའི་མི་དགེ་བའི་རྐྱེན་གྱིས་འཆི་བར་འགྱུར།
༢༧ ཡང་ཇི་སྟེ་སྡིག་སྤྱོད་རང་གིས་བྱས་པའི་བྱ་བ་ངན་པ་དེ་སྤང་སྟེ། ཚུལ་ཁྲིམས་དང་མཐུན་པ་དང་། རིགས་པ་དེ་བྱེད་ན། དེས་རང་གི་སེམས་གསོན་པོར་འཇོག་པར་འགྱུར། ༢༨ དེ་ཅིའི་ཕྱིར་ཞེ་ན། དེས་བསམ་མནོ་བཏང་སྟེ། རང་གི་བྱས་པའི་མཚམས་མེད་པ་ཐམས་ཅད་སྤངས་པས་ན། དེ་ངེས་པར་འཚོ་སྟེ་མི་འཆིའོ། ༢༩ ད་དུང་ཡང་ཨིས་ར་ཨེལ་གྱི་བརྒྱུད་ཀྱིས། ཡ་ཧོ་ཝཱའི་མཛད་ལུགས་ཀུན་སྙོམས་མི་འདུག་གོ་ཟེར། ཀྱེ་ཨིས་ར་ཨེལ་གྱི་བུ་བརྒྱུད། ངའི་མཛད་ལུགས་ཀུན་སྙོམས་མི་འདུག་གམ། སྙོམས་པོ་མེད་པ་དེ་ཁྱོད་ཅག་གི་བྱེད་ལུགས་དེ་མ་ཡིན་ནམ།
༣༠ དེ་བས་ན་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཀྱེ་ཨིས་ར་ཨེལ་གྱི་བུ་བརྒྱུད། ངས་ཁྱོད་རེ་རེའི་བྱེད་ལུགས་ལ་འཁོ་བའི་ཞལ་ཆེ་གཅོད་པར་བྱ། འགྱོད་སེམས་སྐྱེད་ཅིག མི་དགེ་བས་ཁྱོད་ཅག་མི་སྣུབ་པའི་ཕྱིར། རེ་རང་གི་མཚམས་མེད་པ་ཐམས་ཅད་སྤོངས་ཤིག ༣༡ ཁྱོད་ཅག་འགལ་བར་གྱུར་པའི་མཚམས་མེད་པ་ཐམས་ཅད་རང་གི་མདུན་ལས་དབྱུག་ཅིག རང་གི་ནང་དུ་སྙིང་གསར་པ་དང་། སེམས་གསར་བ་ཞིག་སྐྱེད་དུ་ཆུག ཀྱེ་ཨིས་ར་ཨེལ་གྱི་བུ་བརྒྱུད། ཅི་ལ་འཆི་བར་འགྱུར། ༣༢ གང་ལ་ཞེ་ན། འཆི་མཁན་གྱི་འཆི་བའི་ནང་ན་ང་ལ་དགའ་བ་ཅིའང་མེད་དོ། ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་། དེ་བས་ན་སེམས་སྒྱུར་ཞིང་། འཚོ་བར་བྱོས་ཤིག།