༡༧
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ ཀྱེ་མིའི་བུ། ཚོད་བྱ་ཞིག་རྩོམ་ཞིང་། ཨིས་ར་ཨེལ་བུ་བརྒྱུད་ལ་གཏམ་དཔེ་ཞིག་འཆད་ནས་དེ་དག་ལ། ༣ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་ངོ་། སྨྲོས་ཤིག ཤོག་པ་རིང་ཞིང་ཤོག་སྒྲོ་རིང་ལ། བྱ་སྤུས་ཁྱབ་པའི་བྱ་རྒོད་ཁྲ་གཟིག་ཆེན་པོ་ཞིག་ལི་བ་ནོན་དུ་བབས་ནས། འགྱམ་ཤིང་དེའི་ཡང་རྩེའི་ཡལ་འདབ་བཅད་དེ། ༤ དེས་ལྕུག་གསར་དེ་བཅད་ནས། ཚོང་པའི་ཡུལ་དང་། དོན་མཐུན་པའི་གྲོང་ཁྱེར་དུ་ཁྱེར་ནས་བཙུགས། ༥ དེས་ཡུལ་དེ་ལས་ས་བོན་ཡང་ཁྱེར་ནས། ས་གཤིན་པོའི་ཆུ་མོད་བོའི་ནང་དུ་བཏབ་སྟེ། ལྕང་ཤིང་འཛུག་ལུགས་སུ་བཙུགས་ནས། ༦ སྐྱེས་ཏེ། མཐོ་ལོད་ཆུང་བའི་རྒུན་ཤིང་དུ་གྱུར་ཏེ། དེའི་ཡལ་ག་རྣམས་དེ་རང་གི་ཕྱོགས་སུ་དགུར་ཞིང་། དེའི་རྩ་བ་ནི་དེའི་འོག་ན་ཡོད་པ་ཡིན། དེ་ལྟར་དེ་རྒུན་ཤིང་དུ་གྱུར་ནས། ཡལ་འདབ་རྒྱས་ཏེ། ལྕུ་གུ་རྣམས་ལ་ཐོན་ནོ༎༧ ཡང་ཤོག་པ་ཆེ་ལ། བྱ་སྤུ་མང་པོ་ཡོད་པའི་གཞན་བྱ་རྒོད་ཆེ་བ་ཞིག་ཀྱང་ཡོད་པ་ཡིན། ཡང་ཀྱེ་ཧོ། རྒུན་ཤིང་དེས་རང་གི་རྩ་བ་རྣམས་དེའི་ཕྱོགས་སུ་བརྐྱང་སྟེ། དེའི་ཐད་དུ་ཡལ་ག་རྣམས་རྒྱས་ནས། དེས་དེ་ལ་རང་གི་སྐྱེད་ཚལ་གྱི་རོལ་གྱི་ལམ་ནས་ཆུ་འདྲེན་པར་འགྱུར་བའི་ཕྱིར་རོ། ༨ དེ་ལ་ཡལ་ག་སྐྱེད་པ་དང་། འབྲས་བུ་ཆགས་ཏེ། རྒུན་ཤིང་གི་སྡོང་པོ་བཟང་པོར་འགྱུར་བའི་དོན་དུ། ཆུ་ཆེན་པོའི་འགྲམ་གྱི་ས་བཟང་པོའི་ནང་དུ་བཙུགས་པ་ཡིན། ༩ ད་ཁྱོད་ཀྱིས་དེ་དག་ལ། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་ངོ་སྨྲོས་ཤིག དེ་ལེགས་པར་འགྱུར་རམ། རྙིད་པའི་ཕྱིར་དེ་ནི་ཕྱུང་སྟེ། ཤིང་ཏོག་གཅོད་པར་མི་འགྱུར་རམ། རྩ་བ་ནས་འབོག་པའི་ཕྱིར་ཤེད་ཆེན་པོ་དང་མི་མང་པོ་མེད་ཀྱང་། དེའི་དཔྱིད་ཀྱི་ལོ་མ་ཐམས་ཅད་རྙིད་པར་འགྱུར། ༡༠ ལྟོས་ཤིག དེ་བཙུགས་ཡོད་མོད། རྒྱས་པར་འགྱུར་རམ། དེ་ལ་ཤར་རླུང་གིས་རེག་པ་ཙམ་གྱིས་ཡོངས་སུ་སྐེམ་པར་མི་འགྱུར་རམ། དེ་སྐྱེས་པའི་རོལ་གྱི་ནང་དུ་སྐེམ་པར་འགྱུར་རོ༎
༡༡ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༡༢ ཁྱོད་ཀྱིས་ངོ་ལོག་མཁན་གྱི་མི་བརྒྱུད་ལ། བྱ་བ་འདིའི་དོན་ཅི་ལགས་མི་ཤེས་སམ་འདྲིས་ཤིག་དང་། ཡང་དེ་ཚོ་ལ་འདི་སྐད་སྨྲོས་ཤིག བཱ་བེལ་གྱི་རྒྱལ་པོ་ཡེ་རུ་ཤ་ལེམ་དུ་འོངས་ནས། ཡུལ་དེའི་རྒྱལ་པོ་དང་། སྐུ་འདྲ་རྣམས་བཟུང་ནས་རང་དང་ལྷན་ཅིག་བཱ་བེལ་དུ་འཁྱེར་ནས། ༡༣ རྒྱལ་པོའི་བརྒྱུད་པ་ཞིག་བླངས་ནས། དེ་དང་ཆད་དོན་བྱས་ཏེ། དེ་ལ་མནའ་བཀལ་ཏོ། དེ་མ་ཟད་ཡུལ་གྱི་དཔའ་བོ་རྣམས་ཀྱང་ཁྱེར་བ་ཡིན། ༡༤ རྒྱལ་སྲིད་དེ་དམའ་བར་འགྱུར་བ་དང་། སླར་མགོ་མི་ཐེགས་པར། ཆད་དོན་དེ་ལ་གནས་ཤིང་ལུས་པའི་ཕྱིར་རོ། ༡༥ འོན་ཀྱང་སྐྱེ་བོ་མང་པོ་དང་རྟ་རྙེད་པའི་དོན་དུ། དེས་མི་སེར་ཡུལ་དུ་ཕོ་ཉ་རྣམས་མངགས་པའི་ངང་ནས་དེ་ལ་ངོ་ལོག་བྱས། དེ་ཤིས་པར་འགྱུར་རམ། དེ་འདྲ་བྱེད་པ་ཐར་བར་འགྱུར་རམ། ཡང་ན་ཁ་ཆད་དེ་ལས་འགལ་བ་ནི་འབུད་པར་འགྱུར་རམ། ༡༦ ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་འཛུག་ཅིང་འདི་སྐད་གསུང་། ཁོ་རྒྱལ་པོར་བྱས་པའི་རྒྱལ་པོ་དེའི་ཕོ་བྲང་དང་། མནའ་ལ་བརྙས་ཏེ། ཆད་དོན་ལས་འགལ་བས། བཱ་བེལ་གྱི་དཀྱིལ་དུ་དེའི་མདུན་དུ་འཆི་བར་འགྱུར། ༡༧ སྲོག་མང་གཅོད་དུ་ཡིབ་རགས་དང་རྫོང་རྩིག་ཅིང་། ཕར་ཨོ་རང་གི་དམག་དཔུང་ཆེན་པོ་དང་སྐྱེ་བོ་མང་པོ་དང་མཉམ་དུ་དེའི་དོན་དུ་དམག་འཐབ་ནང་འདྲེ་བར་མི་འགྱུར། ༡༨ ཀྱེ་ཧོ། དེས་ལག་ཆད་བཏང་བའི་རྗེས་སུའང་། ཆད་དོན་ལས་འགལ་ཏེ། མནར་མ་བརྩིས་ནས། བྱ་བ་དེ་ཐམས་ཅད་བྱས་པས། ཐར་མི་འགྱུར། ༡༩ དེའི་ཕྱིར་ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་འཛུག་ཅིང་འདི་སྐད་གསུང་། དེས་ཆད་དོན་བཅག་ནས་མ་བརྩིས་པའི་མནའ་དེ་ངའི་མནའ་ཡིན་པས། ངས་དེའི་ལན་ཁོའི་མགོ་ལ་འགེལ་བར་བྱ་སྟེ། ༢༠ ངས་རང་གི་རྙི་དེའི་ཐོག་ཏུ་དབྱུགས་ཤིང་། ངའི་རྙིའི་ནང་དུ་འཚུད་པར་འགྱུར། ཡང་བཱ་བེལ་དུ་ཁྱེར་ཏེ། དེར་ཁོ་མཉམ་འཁྲབ་གླེང་བྱ། དེ་ཅིའི་ཕྱིར་ཞེ་ན། དེས་ང་ལ་ཉེས་པ་བྱས་པའི་ཕྱིར་རོ། ༢༡ དེ་ནས་ཁོའི་བྲོས་མཁན་དམག་དཔུང་མཐའ་དག་དང་ལྷན་ཅིག་ཏུ་རལ་གྲིས་ཤི་ཞིང་། ལུས་པ་རྣམས་ཕྱོགས་བཞིའི་རླུང་ནང་གཏོར་བར་འགྱུར། དེ་ནས་ཁྱོད་ཚོས། འདི་ནི་ཡ་ཧོ་ཝཱ་ཁོ་བོས་གསུངས་པ་ཡིན་ཞེས་རྟོགས་པར་འགྱུར་རོ༎
༢༢ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ངས་འགྱམ་ཤིང་རིང་བའི་རྩེའི་ཡལ་ག་དེ་བླངས་ཏེ། འཛུགས་ཤིང་། དེའི་རྩེ་མོའི་ལྕུག་གསར་གྱི་ནང་ནས་འབོལ་མོ་ཞིག་བཅད་དེ། མཐོ་བའི་རི་མཐོན་པོའི་ཁར་འཛུགས་པར་བྱ། ༢༣ ཨིས་ར་ཨེལ་གྱི་རི་མཐོན་པོའི་ཁར་དེ་འཛུགས་པར་བྱ་སྟེ། ཡལ་ག་སྐྱེས་ནས་ཤིང་ཏོག་ཆགས་ཏེ། འགྱམ་ཤིང་ཁྱད་མཚར་ཞིག་ཏུ་འགྱུར་ཞིང་། བྱ་ཐམས་ཅད་དང་། འདབ་ཆགས་སྣ་ཚོགས་དེའི་འོག་ཏུ་གནས་ཤིང་། དེའི་ཡལ་གའི་བསིལ་གྲིབ་ན་སྡོད་པར་འགྱུར། ༢༤ ང་ཡ་ཧོ་ཝཱས་སྐྱེ་ཤིང་མཐོ་བ་དེ་དམའ་བ་དང་། དམའ་བ་དེ་མཐོ་བ་དང་། སྐྱེ་ཤིང་སྔོན་པོ་དེ་སྐམ་པོ་དང་། སྐྱེ་ཤིང་སྐམ་པོ་དེ་སྔོ་བར་བྱས་པ་ཡིན་པ་ནི། ཐང་གི་སྐྱེ་ཤིང་མཐའ་དག་གིས་རྟོགས་པར་འགྱུར། ཁོ་བོ་ཡ་ཧོ་ཝཱས་སྨྲས་ནས་སྒྲུབ་པར་ཡང་བྱས་སོ༎