༡༤
དེ་ནས་ཨིས་ར་ཨེལ་གྱི་རྒན་པོ་ནང་ནས་འགའ་ཞིག་བདག་གི་རྩར་འོངས་ནས། བདག་གི་མདུན་དུ་བསྡད་པ་དང་། ༢ བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་གསུང་། ༣ ཀྱེ་མིའི་བུ། མི་འདི་ཚོས་རང་གི་སྐུ་འདྲ་རྣམས་སྙིང་གི་ནང་དུ་བཞེངས་ཏེ། དེ་དག་གི་མི་དགེ་བའི་བསླུ་རྡོ་ནི་རང་གི་གདོང་གི་མདུན་དུ་བཞག་པས། འདི་འདྲའི་མིས་ང་ལས་བརྟག་པ་ཅི་ཞིག་ཀྱང་ཞུ་བར་རུང་ངམ། ༤ དེ་བས་ན་དེ་ཚོ་ལ་གཏམ་གླེང་ཞིང་། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་ངོ་སྨྲོས་ཤིག ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་མི་རེ་རེས་རང་གི་སྐུ་འདྲ་སྙིང་ལ་བཞེངས་ཏེ། རང་གི་མི་དགེ་བའི་བསླུ་རྡོ་ནི་རང་གི་གདོང་པའི་མདུན་དུ་བཞག་ནས། ལུང་སྟོན་པའི་དྲུང་དུ་འོང་ན། ང་ཡ་ཧོ་ཝཱས་དེའི་སྐུ་འདྲ་མང་པོ་ལ་འཁོ་བའི་བཀའ་ལན་འདེབས་པར་བྱའོ། ༥ དེ་ཐམས་ཅད་རང་གི་སྐུ་འདྲའི་རྐྱེན་གྱིས་ང་ལས་འཁྱར་སོང་བས། ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་སྙིང་ཁོ་ན་ངས་འཛིན་པར་བྱ།༦ དེའི་ཕྱིར་ཨིས་ར་ཨེལ་གྱི་མི་བརྒྱུད་ལ། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་ངོ་གྱིས་ཤིག འགྱོད་སེམས་སྐྱེས་ཤིག རང་གི་སྐུ་འདྲ་རྣམས་སྤོང་ཤིག རང་གི་ཞེན་ལོག་གི་བྱ་བ་ཐམས་ཅད་ལས་གདོང་པ་སྒྱུར་ཞིག ༧ དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་མི་བརྒྱུད་ཚང་མ་དང་། ཨིས་ར་ཨེལ་ན་གཞིས་བཟུང་བའི་གཞིས་པ་དང་འཁྱམ་པོ། གཉིས་པོ་ང་ལས་འབྱོལ་ཞིང་། སྙིང་ནང་རང་གི་སྐུ་འདྲ་བཞེངས་ཏེ། རང་གི་མི་དགེ་བའི་བསླུ་རྡོ་དེ་གདོང་པའི་མདུན་དུ་བཞག་ནས། ལུང་སྟོན་པའི་དྲུང་དུ་ངའི་བརྟག་པ་འདྲི་རུ་འོང་བས། ང་ཡ་ཧོ་ཝཱ་ཉིད་ཀྱིས་དེ་ལ་བཀའ་ལན་འདེབས་པར་བྱ་སྟེ། ༨ མི་དེ་ལ་ངས་ཁྲོས་ཞལ་བསྟན་ནས། ཁོ་ནི་དཔེ་འབོར་དང་གཏམ་དཔེར་བྱ་ཞིང་། ཉིད་ཀྱི་མི་སྡེའི་དཀྱིལ་ལས་ཚར་དུ་གཅད་དོ། དེ་ནས་ཁྱོད་ཀྱིས། ང་ནི་ཡ་ཧོ་ཝཱ་ཡིན་པ་རྟོགས་པར་འགྱུར།
༩ ཡང་ལུང་སྟོན་པ་གང་ཞིག་སླུ་བར་གྱུར་ནས་གཏམ་བྱེད་ན། ང་ཡ་ཧོ་ཝཱས་ལུང་སྟོན་པ་དེ་བསླུས་པ་ཡིན་ཏེ། ངས་དེའི་ཐོག་ཏུ་རང་གི་ཕྱག་བཏེགས་ནས། ངའི་མི་སྡེ་ཨིས་ར་ཨེལ་གྱི་དཀྱིལ་ནས་དེ་སྣུབ་པར་བྱ། ༡༠ དེ་ནས་དེ་དག་ལ་ཡོགས་ཕོག་སྟེ། བརྟག་པ་ཞུ་མཁན་གྱི་ཆད་པ་ཁོ་ན་བཞིན་དུ། ལུང་སྟོན་པ་ལའང་འཕོག་པར་འགྱུར། ༡༡ དེ་ནི་ཨིས་ར་ཨེལ་གྱི་མི་བརྒྱུད་ང་ལས་མི་འདའ་བ་དང་། དེ་དག་རང་གི་ཉེས་པ་ཐམས་ཅད་ཀྱིས་རང་བརླགས་པར་མི་འགྱུར་བར། དེ་དག་ངའི་མི་སྡེ་དང་། ང་དེ་དག་གི་དཀོན་མཆོག་ཏུ་འགྱུར་བའི་ཕྱིར་རོ་ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༡༢ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་། འདི་སྐད་དུ། ༡༣ ཀྱེ་མིའི་བུ། ངན་པ་བྱེད་ཅིང་ཡུལ་གང་གིས་ཀྱང་། ངའི་དྲུང་དུ་མཚམས་མེད་པར་སྡིག་པ་བྱེད་པའི་ཚེ་ན། ངས་དེའི་ཐོག་ཏུ་རང་གི་ཕྱག་འདེགས་ཤིང་། དེའི་བག་ལེབ་ཀྱི་གཏེ་དེ་གཅད་དེ། མུ་གེ་དེར་མངག་ཅིང་། དེའི་མི་དང་དུད་འགྲོ་བཅས་ཚར་དུ་གཅད། ༡༤ ཇི་སྟེ་ནོ་ཨ་དང་། དཱ་ནི་ཨེལ་དང་། ཡོབ་སྐྱེས་བུ་དེ་གསུམ་པོའང་དེར་ཡོད་རུང་། རང་གི་དྲང་པོས་རང་སྲོག་ཙམ་ཐར་འགྱུར་ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༡༥ ངས་ཡུལ་དེར་གཅན་གཟན་གདུག་པ་ཅན་རྒྱུ་རུ་གཏང་ན། གཅན་གཟན་རྐྱེན་གྱིས་མི་གང་ཡང་དེའི་ནང་དུ་མི་རྒྱུ་ཞིང་། ཡུལ་སྟོང་པར་འགྱུར་དུས་སུ། ༡༦ སྐྱེས་བུ་དེ་གསུམ་པོ་ཡང་དེར་ཡོད་རུང་། བུ་དང་བུ་མོ་རྣམས་ཀྱང་སྐྱོབ་པར་མི་བྱའི། རང་སྲོག་ཙམ་ཐར་ཡང་ཡུལ་སྟོང་པར་འགྱུར། ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་གསོན་པ་ཉིད་ཀྱི་མནའ་བཞེས་ནས་གསུང་།
༡༧ ཡང་ན་ངས་ཡུལ་དེར་རལ་གྲི་འདྲེན་ཞིང་། ཀྱེ་རལ་གྲི། ཡུལ་འདིའི་ནང་རྒྱུ་བར་བྱོས་སྨྲས་ཏེ། མི་དང་བྱོལ་སོང་ཚར་གཅོད་དུས། ༡༨ སྐྱེས་བུ་དེ་གསུམ་པོའང་དེར་ཡོད་རུང་། བུ་དང་བུ་མོ་རྣམས་ཀྱང་སྐྱོབ་པར་མི་བྱ། དེ་དག་རང་ཙམ་ཐར་ཡོང་། ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་གསོན་པ་ཉིད་ཀྱི་མནའ་བཞེས་ནས་གསུང་།
༡༩ ཡང་ན་ངས་ཡུལ་དེར་རིམས་ནད་བརྫང་སྟེ། མི་དང་བྱོལ་སོང་ཚར་གཅོད་པའི་ཕྱིར། སྲོག་གཅོད་དུ་ངའི་ཁྲོ་གཏུམ་དེར་བླུག་དུས། ༢༠ ནོ་ཨ་དང་། དཱ་ནི་ཨེལ་དང་། ཡོབ་དེར་ཡོད་རུང་། བུ་དང་བུ་མོ་སྐྱོབ་པར་མི་བྱའི། རང་དྲང་པོས་རང་སྲོག་ཙམ་ཐར་བར་འགྱུར། ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་གསོན་པ་ཉིད་ཀྱི་མནའ་བཞེས་ནས་གསུང་།
༢༡ ཡེ་རུ་ཤ་ལེམ་གྱི་མི་དང་དུད་འགྲོ་ཚར་གཅོད་དུ། རལ་གྲི་དང་། མུ་གེ་དང་། སེམས་ཅན་གདུག་པ་ཅན་དང་། རིམས་ནད་ཀྱི་བར་ཆད་བཞི་པོ་འདི་རྫོང་དུས། ཅི་ཙམ་ལྷག་པར་འབྱུང་བར་འགྱུར། ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་། ༢༢ ད་དུང་ཕྱིར་ཐོན་རྒྱུའི་བུ་དང་བུ་མོ་རྣམས་ཀྱི་ལྷག་མ་ཞིག་ལུས་པར་འགྱུར། ཀྱེ་ཧོ། དེ་དག་ཁྱོད་ཀྱི་དྲུང་དུ་འོང་བས། དེ་ཚོའི་ལམ་དང་། སྤྱོད་པ་རྣམས་མཐོང་བར་འགྱུར། ངས་ཡེ་རུ་ཤ་ལེམ་གྱི་ཐོག་ཏུ་ཕབ་པའི་བར་ཆད་དང་། ངས་དེ་ལ་བསྐལ་པ་ཀུན་ནས་ཁྱོད་ལ་སེམས་གསོ་ཐོབ་པར་འགྱུར། ༢༣ དེ་ཚོའི་ལམ་དང་། སྤྱོད་པ་གཉིས་པོ་མཐོང་ན། ཁྱོད་ལ་སེམས་གསོ་རྙེད་པར་འགྱུར། དེ་ནས་ངས་དེའི་ནང་ན་བསྒྲུབ་པ་ཀུན། རྒྱུ་མེད་པར་མ་བྱས་པ་རྟོགས་པར་འགྱུར་རོ་ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎