༡༣
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ མིའི་བུ། ཨིས་ར་ཨེལ་གྱི་ལུང་སྟོན་པ་རྣམས་ལ་རྒོལ་བའི་ལུང་སྟོན་ཞིང་། རང་གི་སྙིང་གི་བསམ་པ་ལྟར་ལུང་སྟོན་མཁན་རྣམས་ལ་འདི་སྐད་སྒོ་བར་གྱིས། ཡ་ཧོ་ཝཱའི་བཀའ་ལ་ཉོན་དང་། ༣ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཅིའང་མ་མཐོང་བར། རང་གི་སྙིང་ནས་ལུང་སྟོན་པའི་ཡ་ཧུ་དཱའི་ལུང་སྟོན་པ་རྣམས་བཀྲ་མི་ཤིས། ༤ ཀྱེ་ཨིས་ར་ཨེལ། ཁྱོད་ཀྱི་ལུང་སྟོན་པ་རྣམས་དང་ཐང་སྟོང་གི་ཝ་མོ་འདྲ། ༥ ཡ་ཧོ་ཝཱའི་ཉིན་མོར་དམག་འཐབ་ནང་འགྲེང་སྡོད་པའི་ཕྱིར་དུ། ཁྱོད་ཅག་ཤོར་རེའི་ནང་དུའང་མ་འཛེགས་ཏེ། ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་དོན་དུ་རྩིག་པའང་མ་བརྩིགས། ༦ ཀུན་རྫོབ་དང་རྫུན་གྱི་ཞལ་གཟིགས་མཐོང་སྟེ། ཡ་ཧོ་ཝཱས་དེ་དག་མ་མངགས་ཀྱང་། ཡ་ཧོ་ཝཱས་འདི་སྐད་གསུང་ངོ་ཟེར་ཏེ། ཚིག་བཞིན་དུ་འགྲུབ་པའི་རེ་བ་གཞན་ལ་སྐྱེད་དུ་བཅུག ༧ ཁྱོད་ཚོས་ཀུན་རྫོབ་ཀྱི་ཞལ་གཟིགས་མ་མཐོང་ངམ། ངས་མ་གསུང་བར། ཡ་ཧོ་ཝཱས་གསུང་ངོ་ཞེས་ཟེར་གྱིན་རྫུན་གྱི་མངོན་ཤེས་བཤད་པ་མ་ཡིན་ནམ།༨ དེའི་ཕྱིར་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཚོས་འཆོལ་གཏམ་བཤད་དེ། བདེན་པ་མ་ཡིན་པ་མཐོང་བ་ཡིན་པས། ཀྱེ་ཧོ། ཡ་ཧོ་ཝཱ་དཀོན་མཆོག་གིས། ངས་ཁྱོད་ལ་སྡང་ངོ་ཞེས་གསུང་། ༩ ཀུན་རྫོབ་མཐོང་མཁན་དང་། རྫུན་གྱི་མངོན་ཤེས་བཤད་མཁན་གྱི་ལུང་སྟོན་པའི་ཁར་ངས་ཕྱག་རྒྱབ་པར་བྱ་སྟེ། དེ་དག་ངའི་མི་སྡེའི་གྲོས་མིའི་ཚོགས་ཀྱི་ནང་དུ་ཡང་མི་སྲེ། ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་དེབ་ཀྱི་ནང་དུ་མིང་མི་འཚུད། ཨིས་ར་ཨེལ་ཡུལ་གྱི་ནང་དུའང་དེ་དག་འཇུག་པར་མི་འགྱུར། དེ་ནས་ཁྱོད་ཚོས། ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར། ༡༠ ཞི་བདེ་གང་ཡང་མེད་ཀྱང་། དེ་དག་གིས་ངའི་མི་སྡེ་ལ། ཞི་བདེ་ཡོད་ཟེར་ཞིང་བསླུས་ཏེ། གཅིག་གིས་རྩིག་པ་བརྩིགས། ལྟོས། གཞན་ཞིག་གིས་དེ་ལ་དཀར་ཞལ་བརྒྱབ་པའི་རྐྱེན་གྱིས། ༡༡ དཀར་ཞལ་རྒྱབ་མཁན་ཚོ་ལ། དེ་ལོག་པར་འགྱུར་རོ་ཟེར་ཞིག དྲག་ཆར་གྱི་རུད་འབྱུང་བར་འགྱུར། ཡང་སེར་བ་ཆེན་པོ་འབབ་ཅིང་། རླུང་དམར་ཆེན་པོས་རྩིག་པ་དེ་འགྱེལ་བར་འགྱུར། ༡༢ ལྟོས་ཤིག རྩིག་པ་ལོག་དུས་སུ། ཁྱོད་རྣམས་ལ། དཀར་ཞལ་བྱས་པའི་ཞལ་བ་དེ་ག་རེ། ཟེར་བར་མི་འགྱུར་རམ།
༡༣ དེ་བས་ན་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། ངས་ཉིད་ཀྱི་ཁོང་ཁྲོའི་རླུང་དྲག་གིས་དེ་འགྱེ་བར་བྱེད་ཅིང་། ངའི་ཐུགས་ཁྲོའི་དྲག་ཆར་གྱི་རུད་འབྱུང་ཞིང་། དེ་མེད་པར་བྱེད་དུ་ངའི་ཁྲོ་གཏུམ་གྱི་སེར་བ་ཆེན་པོ་འབབ་པར་འགྱུར་ཞིང་། ༡༤ ཁྱོད་ཚོས་དཀར་ཞལ་བརྒྱབ་པའི་རྩིག་པ་དེ་ངས་བཟློགས་ཏེ། ས་ལ་འབེབས་པར་བྱ་བ་དང་། དེའི་རྨང་ཡང་མཐོང་བར་འགྱུར། དེ་ལོག་ཅིང་ཁྱོད་ཚོ་དེའི་དཀྱིལ་དུ་སྣུབ་པར་འགྱུར། དེ་ནས་ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར། ༡༥ དེ་ལྟར་ངས་རྩིག་པ་དང་། དཀར་ཞལ་བརྒྱབ་མཁན་གཉིས་པོའི་ཐོག་ཏུ་ཉིད་ཀྱི་ཁོང་ཁྲོ་མཐར་བསྐྱེལ་ནས། ཁྱོད་རྣམས་ལ། ད་རྩིག་པ་ཡང་མེད། ཞལ་བ་མཁན་ཡང་མེད་ཅེས་གླེང་བར་བྱ། ༡༦ དེ་ཚོ་སུ་ཡིན་ཞེ་ན། ཡེ་རུ་ཤ་ལེམ་གྱི་སྐོར་དུ་ལུང་སྟོན་མཁན་དང་། ཞི་བདེ་མེད་ཀྱང་། དེའི་ཆེད་དུ་ཞི་བདེའི་ཞལ་གཟིགས་མཐོང་བའི་ཨིས་ར་ཨེལ་གྱི་ལུང་སྟོན་པ་རྣམས་སོ། ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༡༧ དེ་ལྟར། ཀྱེ་མིའི་བུ། རེ་རང་གི་སྙིང་གི་བསམ་པ་ལྟར་ལུང་སྟོན་པའི་མི་སྡེའི་བུ་མོ་རྣམས་ཀྱི་ཕྱོགས་སུ་རང་གི་གདོང་པ་བསྒྱུར་ཏེ། དེ་དག་ལ་རྒོལ་བའི་ལུང་སྟོན་ཞིང་། ༡༨ འདི་སྐད་སྨྲོས། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། སེམས་ལ་ཁྱི་ར་བྱེད་དུ། ལག་ཚིགས་ཐམས་ཅད་ཀྱི་ཕྱིར་སྔས་འབོལ་འཚེམ་ཞིང་། སྒོ་ཆེ་ཆུང་ཐམས་ཅད་ལ་དཔག་ནས། མགོ་རས་བྱེད་པ་རྣམས་བཀྲ་མི་ཤིས། ཁྱོད་ཚོས་ངའི་མི་སྡེའི་སེམས་ལ་ཁྱི་ར་བྱའམ། ཁྱོད་ཚོའི་ཕྱིར་སེམས་གསོན་པོ་རྣམས་སྐྱོབ་པར་བྱའམ། ༡༩ འཆི་བར་མི་རིགས་པ་རྣམས་གསོད་པ་དང་། གསོན་དུ་མི་རིགས་པ་རྣམས་གསོན་པོར་འཇུག་ཏུ། ཁྱོད་ཚོའི་རྫུན་ཚིག་ལ་ཉན་པའི་ངའི་མི་སྡེ་ལ་རྫུན་གཏམ་ལབ་ཅིང་། ནས་སྦར་གང་དང་། བག་ལེབ་དུམ་བུའི་དོན་དུ། ཁྱོད་ཀྱིས་ངའི་མི་སྡེའི་དཀྱིལ་ན་ང་བརླགས་པར་བྱས་པ་ཡིན།
༢༠ དེའི་ཕྱིར་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ཁྱོད་ཚོས་སེམས་དཀྲོག་ཅིང་། འཆོར་བྱེད་ཀྱི་སྔས་འབོལ་རྣམས་ལ་ངས་སྡང་སྟེ། དེ་རྣམས་ཁྱོད་ཚོའི་མཆན་ཁུང་ནས་འཐེན་ཏེ། ཁྱོད་ཚོས་སེམས་དཀྲོག་ཅིང་འཆོར་བར་བྱས་མཁན་རྣམས་ངས་སྒྲོལ་བར་བྱ། ༢༡ ཡང་ཁྱོད་ཀྱི་མགོ་རས་རྣམས་བཤགས་ཏེ། ངའི་མི་སྡེ་ཁྱོད་ཀྱི་ལག་ལས་སྒྲོལ་བར་བྱ། ད་ཕྱིན་ཆད་གཤོར་རྒྱུར་ཁྱོད་ཀྱི་ལག་ལ་འཚུད་པར་མི་འགྱུར། དེ་ནས་ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ། ༢༢ དེ་ཅིའི་ཕྱིར་ཞེ་ན། ངས་སེམས་འཁྲུགས་སུ་མ་བཅུག་པའི་མི་ཆོས་དྲང་པོའི་སེམས་རྣམས། ཁྱོད་ཚོས་རྫུན་གཏམ་གྱིས་འཁྲུགས་བཅུགས་པ་ཡིན། རང་སེམས་སྐྱོབ་ཏུ། རང་གི་མི་དགེ་བའི་ལམ་ལས་ཕྱིར་མི་ལྡོག་པའི་དོན་དུ། ཁྱོད་ཚོས་སྡིག་སྤྱོད་ཀྱི་ལག་པར་ཤེད་བཅུག་པ་ཡིན། ༢༣ དེའི་རྐྱེན་གྱིས་ཁྱོད་ཚོས་ད་ཕྱིན་ཆད་ཀུན་རྫོབ་དང་། བདེན་པ་མ་ཡིན་པའི་མངོན་ཤེས་མཐོང་བར་མི་འགྱུར། དེ་ཅིའི་ཕྱིར་ཞེ་ན། ངས་ཉིད་ཀྱི་མི་སྡེ་ཁྱོད་ཀྱི་ལག་པ་ལས་སྐྱོབ་པར་བྱའོ། དེ་ནས་ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎