༡༥
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ།  ཀྱེ་མིའི་བུ། རྒུན་ཤིང་ནི་གཞན་སྐྱེ་ཤིང་ངམ། ནགས་ཚལ་གྱི་ཡལ་འདབ་ཞིག་ལས་ཅིའི་ཕྱིར་དྲག  སུས་ཤིང་དེ་ཇི་ཞིག་བཟོ་བའི་ཕྱིར་ལེན་ནམ། ཡོ་བྱད་འཕྱར་བའི་ཕྱིར་དུ་དེ་ལས་ཕུར་ཆ་ཞིག་ཀྱང་ལེན་ནམ།  ལྟོས་ཤིག དེ་ནི་འབུད་ཤིང་དུ་མེར་འདེབས། མེས་དེའི་མགོ་མཇུག་གཉིས་པོ་ཟོས་ནས་དེའི་གཞུང་དཀྱིལ་ཡང་ཚིག་གོ། དེ་ཅི་ཞིག་བཟོ་རུ་ཕན་ནམ།  ལྟོས་དང་། དེ་ཧྲིལ་པོར་ཡོད་དུས་སུ། ཅི་ཞིག་བཟོ་རུ་མ་ཕན། ད་མེས་ཟོས་ནས་ཚིག་ཟིན་པ་དེ། ཅི་ལ་ཡང་མི་ཕན་པར་ངེས་སོ༎
 དེའི་སླད་དུ་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ངས་ནགས་ཀྱི་སྐྱེ་ཤིང་གི་ནང་ནས་བུད་ཤིང་གི་ཕྱིར་མེར་བཏབ་པའི་རྒུན་ཤིང་ལྟར། ཡེ་རུ་ཤ་ལེམ་པ་ཡང་བྱའོ།  ངས་དེ་དག་ལ་ཁྲོས་ཞལ་བསྟན་ཞིང་། དེ་རྣམས་མེ་གཅིག་ལས་འབྲོས་ནས། མེ་གཞན་ཞིག་གིས་དེ་དག་ཟ་བར་འགྱུར། དེ་ཚོ་ལ་ངས་ཁྲོས་ཞལ་སྟོན་པའི་དུས་སུ། ཁྱོད་ཅག་གིས་ང་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ།  དེ་ཚོས་མཚམས་མེད་པར་བྱས་པའི་རྐྱེན་གྱིས། ངས་ཡུལ་ཁམས་དེ་སྟོང་དུ་གཞུག་གོ། ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎