༤༦
ལུང་སྟོན་པ་ཡེ་རེམ་ཡཱར་ཕྱི་པའི་མི་རིགས་ཀྱི་སྐོར་དུ་ཡ་ཧོ་ཝཱ་ནས་བྱུང་བའི་བཀའ་ནི།༢ མི་སེར་གྱི་སྐོར་དུ། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡོ་ཡཱ་ཀིམ་གྱི་ལོ་ངོ་བཞི་པར་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་བཅག་པའི་ཡུབ་རཱད་གཙང་འགྲམ་གྱི་ཀར་ཀེ་མིས་སུ་ཡོད་པའི་མི་སེར་རྒྱལ་པོ་ཕར་ཨོ་ནེ་ཀོའི་དམག་ཚོགས་ཀྱི་སྐོར་ལ་ནི།
༣ ཕུབ་དང་གེར་སེ་ཤོམ་ལ། འཐབ་མོར་ཤོག ༤ རྟ་ལ་ཆས་སྒྲོན་ལ། ཁྱོད་རྟ་པ་རྣམས་ཞོན་པར་གྱིས། རྨོག་གྱོན་ནས་ཐོན་ཞིག་མདུང་རྡོར་ལ། གོ་ཁྲབ་གྱོན། ༥ ངས་དེ་དག་ངོ་བབས་ནས་ཕྱིར་བཟློགས་པར་གྱུར་པ་མཐོང་བ་དེ་ཅི་ལགས། དེ་དག་གི་གྱད་པ་རྣམས་ཕམ་ནས་ཤོར་ཞིང་བྲོས་ཏེ། ཕྱི་མིག་ཀྱང་མི་ལྟ། ཕྱོགས་ཀུན་ཏུ་འཇིགས་པ་ཡོད་དོ་ཞེས་ཡ་ཧོ་ཝཱས་གསུང་ངོ་། ༦ རྐང་མགྱོགས་པའང་འབྲོས་པས་མི་འབུད། དཔའ་བོའང་མི་ཐར་བར། བྱང་དུ་ཡུབ་རཱད་ཀྱི་འགྲམ་དུ་གྱེལ་ནས་ལྟུང་བར་འགྱུར།
༧ ནཱིལ་གྱི་ཆུ་ལྟར་འཕེལ་ཞིང་། ཆུ་ལོག་ལྟར་འཁྲུགས་ཤིང་ཡར་འོང་བ་འདི་སུ་ལགས། ༨ མི་སེར་ནི་ནཱིལ་ལྟར་ལྡང་སྟེ། དེའི་ཆུ་རྣམས་གཙང་པོ་ལྟར་འཕར་ཞིང་། དེས་ང་ཡར་འགྲོ་ཞིང་། ས་གཞི་འཁེབ་ཅིང་། ངས་གྲོང་ཁྱེར་དང་། དེའི་ཡུལ་མི་བཅས་མེད་པར་བྱའོ་ཟེར། ༩ ཀྱེ་རྟ་རྣམས། ཡར་ཐོན་ཤོག ཀྱེ་ཤིང་རྟ་རྣམས་ངར་བར་བྱོས། མི་དཔའ་བོ་རྣམས་སམ། ཕུབ་ཐོགས་པའི་ཀུས་དང་ཕུད་དང་། གཞུ་ཐོ་གས་ཤིང་སྐྱིལ་བའི་ལུད་པ་རྣམས་འཐོན་དུ་ཆུག་ཅིག ༡༠ དེ་ཅིའི་ཕྱིར་ཞེ་ན། འདི་ནི་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་གཙོ་བོའི་ཉིན་མོ་དང་། ཉིད་ཀྱི་དགྲ་བོ་རྣམས་ལས་དགྲ་རྩོད་དུ་དགྲ་ལན་འཇལ་བའི་ཞག་སྟེ། རལ་གྲིས་ཟ་བ་དང་ཚིམ་སྟེ། དེ་དག་གི་ཁྲག་གིས་བཟི་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་གཙོ་བོ་ལ་ཡུབ་རཱད་གཙང་འགྲམ་གྱི་བྱང་ཕྱོགས་ཀྱི་ཡུལ་ནང་དམར་མཆོད་ཅིག་ཡོད། ༡༡ ཀྱེ་མི་སེར་གྱི་བུ་མོ་ན་ཆུང་། གིལ་ཨད་དུ་འཛེགས་ལ། བལ་སམ་བློངས་ཤིག ཁྱོད་ཀྱིས་དོན་མེད་དུ་སྨན་མང་འབྱུག་ཀྱང་། གསོ་བར་མི་འགྱུར། ༡༢ མི་རིགས་ཀུན་གྱིས་ཁྱོད་ཀྱི་ངོ་ཚ་བའི་གཏམ་ཐོས་ཏེ། ཁྱོད་ཀྱི་ཆོ་ངེས་ཀྱིས་ས་གཞི་ཁྱབ་བོ། གང་ལ་ཞེ་ན། དཔའ་བོ་ནི་དཔའ་བོའི་ཁར་བུབས་ནས། གཉིས་པོ་ལྷན་ཅིག་ཏུ་ས་ལ་གྱེལ་ཏོ༎
༡༣ འདི་ནི་ཡ་ཧོ་ཝཱས་ཡེ་རེམ་ཡཱ་ལ། བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་འོངས་ནས། མི་སེར་ཡུལ་ལ་ཇི་ལྟར་བརྡེག་པར་འགྱུར་གསུངས་པའི་བཀའ་མཆིད་སྟེ། ༡༤ དམག་གྲལ་ཤོམ་ལ། རང་ལ་བྱ་དག་བྱོས་ཤིག དེ་ཅིའི་ཕྱིར་ཞེ་ན། རལ་གྲིས་ཁྱོད་ཀྱི་མཐའ་འཁོར་ཚང་མ་ཟོས་ཟིན་པའི་ཕྱིར་རོ། ཞེས་ཁྱོད་ཚོས་སྦྲོན་ཞིང་མི་སེར་གྱི་ནང་དུ་ཤོད་ཅིག མིག་དོལ་གྱི་ནང་དུ་སྐད་ཐོང་ཞིག ནཱོབ་དང་ཏཱ་ཕན་ཧེས་ནང་བཀར་ཐོགས་ཤིག ༡༥ ཁྱོད་ཀྱི་སྟོབས་ལྡན་རྣམས་འཕྱག་པར་གྱུར་པ་དེ་ཅི་ལགས། ཡ་ཧོ་ཝཱས་དེ་དག་བརྡབས་པས། འགྲེང་བར་མ་ནུས་སོ། ༡༦ ཁོང་གི་དུ་མ་སར་བརྡབས་སོ། འོ་ན། གཅིག་གི་ཐོག་གཅིག་འགྱེལ་བ་དང་། དེ་དག་གིས་ལོངས་ཤིག རལ་གྲིའི་དབང་ཤུགས་ལས་ངེད་ཅག་རང་གི་མི་སྡེ་དང་། རང་གི་སྐྱེ་ཡུལ་དུ་ཕྱིར་ལོག་འགྲོ་བར་བྱའོ་ཟེར་ཏེ། ༡༧ དེ་ཚོས་དེར་འོ་དོད་བཏང་སྟེ། མི་སེར་རྒྱལ་པོ་ཕར་ཨོ་ནི་རོ་འབའ་ཞིག་སྟེ། བསྐོས་པའི་དུས་ཁོས་འདས་སུ་བཅུག་ཟེར། ༡༨ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་མཚན་མངའ་བའི་རྒྱལ་པོས་འདི་སྐད་དུ། ཉིད་ཀྱི་གསོན་པ་ཉིད་དཔང་དུ་འཛུག ཇི་ལྟར་ཐ་བོར་ནི་རི་ཁྲོད་དང་། ཀར་མེལ་རྒྱ་མཚོའི་འགྲམ་ན་ཡོད་པའི་ངེས་ཚིག་ལྟར། དེ་ནི་འོང་བ་གཏན་འཁེལ་ལོ། ༡༩ ཀྱེ་མི་སེར་ན་གནས་པའི་ན་ཆུང་། བཙོན་དུ་སྐྱོད་པར་ཆས་ཤོམས་ཤིག དེ་ཅིའི་ཕྱིར་ཞེ་ན། ནཱོབ་སྟོངས་ཤིང་། གཞིས་པ་གཅིག་ཀྱང་མི་ལུས་པ་ཙམ་དུ་མེས་སྲེག་པར་འགྱུར་རོ༎
༢༠ མི་སེར་ནི་རབ་ཏུ་མཛེས་པའི་བ་གསར་དང་འདྲའི། འཕུང་གཞི་འོང་གིན་འདུག བྱང་ཕྱོགས་ལས་འོང་གིན་འདུག ༢༡ དེ་དག་གི་གླ་པ་རྣམས་ཀྱང་དེའི་དབུས་ན་སོས་པའི་གླང་རྒྱགས་པ་དང་འདྲ་བ་ཡོད་མོད། དེ་དག་ཀྱང་ཕྱིར་ལོག་སོང་སྟེ། ལྷན་ཅིག་ཏུ་བྲོས་ནས་སྡོད་མ་ནུས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་བར་དུ་གཅོད་པའི་ཉིན་མོ་དང་། དེ་དག་ལ་ཞིབ་དཔྱོད་བྱེད་པའི་དུས་ནི་དེ་དག་གི་ཐོག་ཏུ་བབས་པའི་ཕྱིར་རོ། ༢༢ དེས་སྦྲུལ་ལྟར་སྒྲ་འབྱིན་པར་འགྱུར། ཅི་ལ་ཟེར་ན། དེ་དག་དམག་དཔུང་དང་བཅས་སུ་ཕྱོགས་ཤིང་། ཤིང་གཅོད་མཁན་ལྟ་བུར་སྟ་རི་ཐོགས་ཤིང་མོའི་ཐོག་ཏུ་འོང་བར་འགྱུར། ༢༣ དེ་དག་གིས་མོའི་ནགས་ཚལ་གཅོད་པར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་། དེ་ནི་དཔག་པར་མི་ནུས་པ་ཡིན་རུང་། དེ་རྣམས་ཆ་ག་འབུ་བས་མང་ཞིང་གྲངས་ཀྱིས་མི་བླང་བ་ལགས་པས། ༢༤ མི་སེར་གྱི་བུ་མོ་ནི་སྐྱེངས་པར་གྱུར་ཏེ། བྱང་ཕྱོགས་ཀྱི་མི་སྡེའི་ལག་ཏུ་འཆུད་པར་འགྱུར་རོ། ༢༥ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཀྱེ་ཧོ། ཁོ་བོས་ནཱོའི་ཨམ་མོན་དང་། ཕར་ཨོ་དང་། མི་སེར་དང་། དེའི་ལྷ་དང་། རྒྱལ་པོ་རྣམས་སམ། ཕར་ཨོ་དང་། དེ་ལ་བློ་བཏད་པ་རྣམས་ལ་ཆད་པས་གཅད་ཅིང་། ༢༦ ཁོ་བོས་དེ་དག་ནི་དེ་དག་གི་སྲོག་ལ་བརྔམས་པའི་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལག་པ་དང་། དེའི་འཁོར་གཡོག་གི་ལག་ལ་གཏད་ཅིང་། ཕྱིས་སུ་སྔ་མའི་ཉིན་མོ་རྣམས་ཀྱི་ཚུལ་དུ་འཚུགས་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༢༧ འོན་ཀྱང་ཀྱེ་ངའི་བྲན་པོ་ཡ་ཀོབ། ཁྱོད་འཇིགས་པར་མ་གྱུར་ཅིག ཀྱེ་ཨིས་ར་ཨེལ། སེམས་འཕམ་པར་མ་གྱུར་ཅིག དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། ངས་ཁྱོད་རྒྱང་རིང་པོ་ནས། ཁྱོད་ཀྱི་ཕྲུ་གུ་རྣམས་བཙོན་གྱི་ཡུལ་ལས་སྒྲོལ་བར་བྱའོ། དེ་ནས་ཡ་ཀོབ་ལོག་འོང་སྟེ། སེམས་བདེ་ཞིང་ལྷོད་ཀྱིས་སྡོད་པར་འགྱུར་ཏེ། སུས་ཀྱང་དེ་སྐྲག་པར་མི་བྱའོ། ༢༨ ཀྱེ་ངའི་བྲན་པོ་ཡ་ཀོབ། མ་འཇིགས་ཤིག ཡ་ཧོ་ཝཱས་གསུང་ངོ་། གང་ལ་ཞེ་ན། ང་ཁྱོད་དང་འགྲོགས་པས། ངས་ཁྱོད་གང་དང་གང་དུ་བསྐྲད་བཏང་བའི་མི་རིགས་ཀུན་ཚར་དུ་གཅོད་རུང་། ཁྱོད་ཚར་དུ་མི་གཅད་པར། ངས་ཚོད་བྱས་ཏེ་ཁྱོད་འཇུན་ནའང་ཁྱོད་རྩ་བ་ནས་ཆད་པས་མ་བཅད་པར་འབོར་བར་མི་བྱའོ༎