༤༥
འདི་ནི་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡོ་ཡཱ་ཀིམ་བྱ་བའི་ལོ་བཞི་པ་ལ། ནེར་ཡཱའི་བུ་བ་རུག་གིས་ལུང་སྟོན་པ་ཡེ་རེམ་ཡཱའི་ཞལ་ལས་གསུངས་པའི་གསུང་འདི་དག་གླེགས་བམ་ནང་འབྲི་དུས་ཀྱི་བཀའ་ལུང་སྟེ།  ཁྱེད་ཀྱེ་བ་རུག་ལ་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་།  ཁྱོད་ཀྱིས། ཡ་ཧོ་ཝཱས་ངའི་ཟུག་གཟེར་གྱི་ཐོག་ཏུ་སྡུག་བསྔལ་བསྣན་པས། ད་ང་བརླགས། འཁུན་ཞིང་ང་ངལ་ཏེ། ངལ་གསོ་མི་ཐོབ་བོ་ཟེར།  དེ་ལ་འདི་ལྟར་སྦྲོན་པར་བྱོས། ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ཡུལ་ཁམས་འདི་ཐམས་ཅད་དུ་ངས་བརྩིགས་པ་དེ་རློག་པར་བྱ། ངས་བཙུགས་པ་དེ་འབྱིན་པར་བྱའོ།  ཡང་ཁྱོད་ཀྱིས་རང་གི་དོན་དུ་དངོས་པོ་རྒྱ་ཆེན་པོ་རྣམས་འཚོལ་བར་བྱེད་དམ། དེ་ལྟ་བུར་མ་སྙེགས་ཤིག དེ་ཅིའི་ཕྱིར་ཞེ་ན། ལྟོས་ཤིག ངས་ལུས་ཅན་ཡོད་དོ་ཅོག་གི་སྟེང་དུ་རྐྱེན་ངན་འབེབས་པར་བྱའོ། འོན་ཀྱང་ཁྱོད་གང་དང་གང་དུ་འགྲོ་བའི་ས་ཆ་ཀུན་ནང་ཁྱོད་ཀྱི་སྲོག་ནི་བཅོམ་ནོར་ལྟར་ཁྱོད་ལ་སྦྱིན་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎