༤༤
དེའང་མི་སེར་ཡུལ་དང་། མིག་དོལ་དང་། ཏཱ་ཕན་ཧེས་དང་། ནཱོབ་དང་། ཕད་རོས་ཡུལ་འཁོར་དུ་གཞིས་ཆགས་ཡོད་པའི་ཡ་ཧུ་དཱ་པ་ཚང་མའི་ཕྱིར་ཡེ་རེམ་ཡཱར་བྱུང་བའི་བཀའ་མཆིད་དེ་ནི། ༢ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁོ་བོས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་གྲོང་ཁྱེར་ཐམས་ཅད་ཀྱི་ཐོག་ཏུ་ཕབ་པའི་རྐྱེན་ངན་དེ་ཚང་མ་ཁྱོད་ཅག་རང་གིས་མཐོང་བ་ཡིན། ད་ལྟོས་ཤིག དེ་རིང་ནི་དེ་རྣམས་སྟོངས་ཏེ། གནས་མཁན་གཅིག་ཀྱང་དེར་མེད། ༣ དེ་ནི་དེ་དག་གམ། ཁྱོད་ཅག་གམ། ཁྱོད་ཅག་གི་ཕ་མེས་རྣམས་ལ་ཆ་མེད་པའི་ལྷ་གཞན་རྣམས་ཀྱི་དྲུང་དུ་བསངས་གཏོང་བ་དང་ཕྱག་འཚལ་དུ་སོང་བའི་ངང་ནས། ངའི་ཐུགས་ཁྲོ་དཀྲུག་པའི་ཕྱིར་བྱས་པའི་ལས་ངན་གྱི་རྐྱེན་གྱིས་ཡིན་ཏེ། ༤ འོན་ཀྱང་ཁོ་བོས་ཁྱོད་ཅག་གི་དྲུང་དུ་ཉིད་ཀྱི་ཞབས་ཏོག་པའི་ལུང་སྟོན་པ་ཚང་མ་མངགས་ཤིང་། སྔ་གསར་བཞེངས་ནས་རྫོང་ཞིང་། ཁོ་བོས་ཁྱོད་ཅག་ལ། ངས་ཞེན་ལོག་པའི་སྐྱུག་བྲོ་བོ་དེ་མ་བྱེད་ཅིག་ཅེས་བསྒོ་ནའང་། ༥ དེ་དག་རང་གི་ལས་ངན་ལ་རྒྱབ་ལོག་བསྟན་ཏེ། ལྷ་གཞན་ལ་བསངས་མི་གཏོང་བའི་ཚིག་ལ་དེ་དག་གིས་ཉན་པར་ཡང་མ་བྱས། རྣ་བའང་མ་བཏུད་པའི་རྐྱེན་གྱིས། ༦ ངའི་ཐུགས་ཁྲོ་དང་ཁྲོ་གཏུམ་ཕོས་པ་དང་། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། ཡེ་རུ་ཤ་ལེམ་གྱི་ལམ་སྲང་རྣམས་ནང་མེ་ལྟར་འབར་བས། དེ་རིང་སང་ཡོད་པ་ལྟར་དེ་དག་བཤིག་ནས་སྟོངས་པར་བྱས་སོ། ༧ དེས་ན་ད་ལྟ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཡ་ཧུ་དཱའི་ནང་ནས་སྐྱེས་པ་དང་། བུད་མེད་དང་། བྱིས་པ་དང་། འོ་འཐུང་རྣམས་མེད་པར་བྱེད་ཅིང་། ཁྱོད་ཅག་གི་ནང་ནས་གང་ཡང་མི་ལུས་པའི་དོན་དུ། ཁྱོད་ཅག་རང་གི་སྲོག་ལ་གནོད་པ་ཆེན་པོ་འདི་ཅི་ལ་བྱེད། ༨ ཁྱོད་ཅག་རང་མེད་པར་གྱུར་ཏེ། སའི་མི་རིགས་ཐམས་ཅད་ཀྱི་དཀྱིལ་ན་དམོད་པ་དང་སྨད་སྒྲར་འགྱུར་དུ། གཞིས་བཟུང་དུ་ཕྱིན་པའི་མི་སེར་ཡུལ་ཁམས་ཀྱི་ནང་ན། རང་གི་ལག་པས་བཅོས་མཁན་དང་། ལྷ་གཞན་རྣམས་ལ་བསངས་བཏང་བའི་སྒོ་ནས་བདག་ལ་ཚིག་པ་འཁོལ་དུ་འཇུག་གོ། ༩ ཡ་ཧུ་དཱའི་ཡུལ་ཁམས་དང་ཡེ་རུ་ཤ་ལེམ་གྱི་ལམ་སྲང་རྣམས་ནང་བྱས་པའི་ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་ལས་ངན་དང་། ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་ལས་ངན་དང་། དེ་དག་གི་བཙུན་མོ་རྣམས་ཀྱི་ལས་ངན་དང་། ཁྱོད་ཅག་རང་གི་ལས་ངན་དང་། ཁྱོད་ཅག་གི་ཆུང་མ་རྣམས་ཀྱི་ལས་ངན་རྣམས་ཁྱོད་ཚོས་བརྗེད་སོང་ངམ། ༡༠ དེ་དག་ནི་ཉི་མ་དེ་རིང་གི་བར་དུ་སྙིང་ཡང་མ་ཆག འཇིགས་ཀྱང་མ་འཇིགས། ངས་ཁྱོད་ཅག་དང་ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་མདུན་དུ་བཞག་པའི་ངའི་བཀའ་རྒྱ་དང་། སྤྱད་མཚམས་རྣམས་ཀྱི་ནང་དུའང་མ་འགྲུལ་ཏོ༎༡༡ དེ་བས་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ཁྱོད་ཅག་ལ་རྐྱེན་ངན་སྟེར་བ་དང་། ཡ་ཧུ་དཱ་ཐམས་ཅད་མེད་པར་འགྱུར་བ་དང་། ཁྱོད་ཅག་ལ་སྡང་བའི་ཕྱིར་ཁོ་བོའི་གདོང་སྒྱུར་བར་བྱའོ། ༡༢ མི་སེར་ཡུལ་དུ་གཞིས་འབེབས་པར་གདོང་བསྒྱུར་པའི་ཡ་ཧུ་དཱའི་ལྷག་མ་དེ་ངས་འཛིན་པ་དང་། དེ་ཐམས་ཅད་མེད་པར་འགྱུར། མི་སེར་ཡུལ་ནང་ལྟུང་ཞིང་། རལ་གྲི་དང་མུ་གེས་དེ་དག་མེད་པར་འགྱུར། རལ་གྲི་དང་མུ་གེས་ཆུང་ཤོས་ནས་ཆེ་ཤོས་ཀྱི་བར་དུ་ཐམས་ཅད་འཆི་བར་འགྱུར་ཏེ། དེ་དག་དམོད་པ་དང་། ཧོན་འཁྱོར་བ་དང་། ཚིག་ངན་དང་སྨད་སྒྲར་འགྱུར་བར་འགྱུར་རོ། ༡༣ དེ་ཅིའི་ཕྱིར་ཞེ་ན། ཁོ་བོས་ཡེ་རུ་ཤ་ལེམ་ནི་རལ་གྲི་དང་། མུ་གེ་དང་། ནད་རིམས་ཀྱིས་ཆད་པས་བཅད་པ་ལྟར། མི་སེར་ཡུལ་ནང་གཞིས་ཕབ་པ་རྣམས་ལའང་ཆད་པས་གཅད་པ་དང་། ༡༤ ཡ་ཧུ་དཱ་ཡུལ་ཁམས་ནང་གཞིས་འབེབས་པ་དང་། ཕྱིར་ལོག་དེར་འགྲོ་རུ་འདུན་རུང་། མི་སེར་ཡུལ་དུ་གཞིས་འབེབ་ཏུ་སོང་བའི་ཡ་ཧུ་དཱའི་མི་ལྷག་མའི་ནང་ནས་སུའང་ཐར་བའམ་ལུས་པར་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། འབྲོས་མཁན་རེ་མ་གཏོགས་པར་གཞན་གང་ཡང་ཕྱིར་ལོག་སླེབ་པར་མི་འགྱུར་རོ། ཞེས་བྱས་སོ༎
༡༥ དེ་ནས་ཁོ་རང་ཚོའི་ཆུང་མས་ལྷ་གཞན་རྣམས་ལ་བསངས་ཤུག་བདུགས་པའི་ཆ་ཡོད་པའི་སྐྱེས་པ་ཚང་མ་དང་། མདུན་ན་ཡོད་པའི་བུད་མེད་ཀུན་དང་བཅས་པ་མི་ཚོགས་ཆེན་པོའམ། མི་སེར་ཡུལ་གྱི་ཕད་རོས་བྱ་བར་གཞིས་བཟུང་བའི་མི་སྡེ་ཡོངས་ཀྱིས་ཡེ་རེམ་ཡཱར་ལན་བཟློགས་ནས་འདི་སྐད་དུ། ༡༦ དེའང་ཁྱོད་ཀྱིས་ཡ་ཧོ་ཝཱའི་མཚན་འཁུར་ཏེ་ངེད་ཅག་ལ་བསྒོ་བ་ལ་ངེད་ཀྱིས་ཉན་པར་མི་བྱའི། ༡༧ ངེད་རང་གི་ཁ་ནས་ཅི་དང་ཅི་ཐོན་པའི་ཚིག་རེ་རེ་བཞིན་དུ་བྱ་ཤག་ཡིན། ཇི་ལྟར་ངེད་རང་དང་ངེད་ཅག་གི་ཕ་དང་རྒྱལ་པོ་དང་། སྐུ་དྲག་རྣམས་ཀྱིས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། ཡེ་རུ་ཤ་ལེམ་གྱི་ལམ་སྲང་གི་ནང་དུ་སྤྱད་པ་བཞིན་ང་ཚོས་ཀྱང་གུང་རྒྱལ་མོར་བསངས་དང་གསེར་སྐྱེམས་འབུལ་བར་བྱའོ། གང་ལ་ཞེ་ན། དེའི་དུས་སུ་ངེད་ལ་ཁ་ཟས་མོད་པོ་དང་ལོངས་སྤྱོད་དང་ལྡན་ཏེ། རྐྱེན་ངན་ཅིའང་མ་མཐོང་བ་ཡིན། ༡༨ འོན་ཀྱང་ངེད་ཀྱིས་གུང་རྒྱལ་མོར་བསངས་དང་གསེར་སྐྱེམས་འབུལ་འཕྲོ་བཅད་པ་ནས་ཚུན་དུ། ངེད་ཅག་ལ་རྫས་གང་རུང་གི་དགོས་འགྱག་བྱུང་ནས། རལ་གྲི་དང་མུ་གེས་ཚར་དུ་བཅད་དོ། ༡༩ ངེད་ཀྱིས་གུང་རྒྱལ་མོར་བསངས་དང་གསེར་སྐྱེམས་བཏང་དུས་སུ། ངེད་ཅག་རང་གི་ཁྱོ་བོ་དང་བྲལ་ནས་དེ་ལ་རིམ་གྲོ་བྱེད་དུ་བག་ལེབ་བྱས་ནས་གསེར་སྐྱེམས་ཕུལ་བ་ཡིན་ནམ། ཞེས་ཞུས་སོ༎
༢༠ དེ་ནས་ཡེ་རེམ་ཡཱས་མི་སྡེ་ཚང་མ་དང་། སྐྱེས་པ་དང་། བུད་མེད་དང་། ཁོང་ལ་ལན་བཟློགས་པའི་མི་ཡོངས་ལ་འདི་སྐད་དུ། ༢༡ ཁྱོད་ཅག་རང་དང་། རང་གི་ཕ་དང་། རྒྱལ་པོ་དང་། སྐུ་དྲག་རྣམས་ཀྱིས་རང་གི་ཡུལ་མི་དང་བཅས་སུ་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། ཡེ་རུ་ཤ་ལེམ་གྱི་ལམ་སྲང་རྣམས་སུ་བདུགས་པའི་བསངས་ཡ་ཧོ་ཝཱས་ཐུགས་སུ་མ་དྲན་ཏམ། སྣང་རྟགས་ཀྱང་མ་མཛད་དམ། ༢༢ དེའང་ཡ་ཧོ་ཝཱས་ཁྱོད་ཅག་གིས་བྱས་པའི་བྱ་བ་ངན་པ་དང་ཞེན་ལོག་རྣམས་ཀྱིས་རྐྱེན་ཏེ། ལྷག་པར་ཐུགས་བཟོད་མ་ནུས་པའི་སྟབས་ཀྱིས། ད་དེ་རིང་གི་ཉིན་མོར་ཡོད་པ་ལྟར་གཞིས་པ་གཅིག་ཀྱང་མེད་པ་ཙམ་དུ་ཁྱོད་ཅག་གི་ཡུལ་ཁམས་དེ་སྟོངས་ཏེ། ཧན་འདལ་བ་དང་། དམོད་པར་གྱུར་ནས་གདའོ། ༢༣ དེའི་རྒྱུ་མཚན་ནི། ཁྱོད་ཚོས་བསངས་བཏང་སྟེ། ཡ་ཧོ་ཝཱ་ལ་སྡིག་པ་བྱས། ཡ་ཧོ་ཝཱའི་གསུང་སྒྲ་ལའང་མ་ཉན་པར། ཁོང་གི་བཀའ་ཁྲིམས་སམ། སྤྱད་མཚམས་སམ། དཔང་འབུད་པ་རྣམས་བཞིན་དུའང་མ་འགྲུལ་བའི་ཐབས་ཀྱིས། དེ་རིང་གི་ཉིན་མོར་ཡོད་པ་ལྟར། རྐྱེན་ངན་འདི་ཁྱོད་ཅག་གི་ཐོག་ཏུ་ལྷུང་བ་ལགས་སོ་ཞེས་བསྐུལ་ནས།
༢༤ ཡེ་རེམ་ཡཱས་ཡང་སྐྱར་མི་བྱིངས་དང་། བུད་མེད་ཀུན་ལ་འདི་སྐད་དུ། ཀྱེ་མི་སེར་ཡུལ་ན་ཡོད་པའི་ཡ་ཧུ་དཱ་པ་ཚང་མས་ཡ་ཧོ་ཝཱའི་བཀའ་མཆིད་ལ་ཐོས་འཚལ། ༢༥ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཅག་རང་དང་། རང་གི་ཆུང་མ་རྣམས་ཀྱི་ཁ་ནས། ངེད་ཀྱིས་གུང་རྒྱལ་མོར་བསངས་གཏོང་བ་དང་། གསེར་སྐྱེམས་འབུལ་དུ་དམ་བཅས་པ་དག་སྒྲུབ་པར་བྱ་ཤག་སྨྲས་ཏེ། རང་གི་ལག་པས་སྒྲུབ་པར་ཡང་བྱས་པས་ན། རང་གི་སྡོམ་པ་རྣམས་བརྟན་པར་བྱོས། རང་གི་དམ་བཅའ་རྣམས་སྒྲུབ་པར་བྱོས་ཤིག
༢༦ དེ་བས་ན་མི་སེར་ཡུལ་ན་གནས་པའི་ཡ་ཧུ་དཱ་ཐམས་ཅད་ཀྱིས་ཡ་ཧོ་ཝཱའི་བཀའ་སྩལ་དེ་ཐོས་འཚལ། ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག ཡ་ཧོ་ཝཱ་དཀོན་མཆོག་གསོན་པ་ལྟར་རོ། ཞེས་ད་ཕྱིན་ཆད་མི་སེར་ཡུལ་ཀུན་ན་ཡ་ཧུ་དཱའི་མི་སུའི་ཁ་ལས་ཀྱང་ངའི་མཚན་མི་བརྗོད་པའི་ཕྱིར། ངས་ཉིད་ཀྱི་བླ་ན་མེད་པའི་མཚན་གྱི་མནའ་བཞེས་པས། ༢༧ ད་ལྟོས་ཤིག ཁོ་བོས་དེ་དག་ལ་བཟང་མིན་གྱི་ངན་བྱེད་པའི་དོན་དུ་ཟིར་བར་བྱ་སྟེ། མི་སེར་ཡུལ་ན་ཡོད་པའི་ཡ་ཧུ་དཱའི་མི་ཡོད་དོ་ཅོག་གི་རབས་མ་ཆད་པའི་བར་དུ་རལ་གྲི་དང་མུ་གེས་ཚར་དུ་གཅད་དོ། ༢༨ རལ་གྲི་ལས་ཐར་པའི་མི་གྲངས་ཉུང་བ་འབའ་ཞིག་མི་སེར་ཡུལ་གྱི་ནང་ནས་ཡ་ཧུ་དཱ་ཡུལ་དུ་ཕྱིར་ལོག་འགྲོ་བར་འགྱུར། དེ་ནས་མི་སེར་ཡུལ་ནང་གཞིས་འབེབས་སུ་ཕྱིན་པའི་ཡ་ཧུ་དཱའི་ཕྱི་ལུས་ཐམས་ཅད་ཀྱིས། ཁོ་བོའི་ཚིག་གམ་དེ་དག་གི་ཚིག་གང་བརྟན་པ་ཡིན་ཁོང་དུ་ཆུད་པར་འགྱུར་རོ། ༢༩ ཡང་ཁྱོད་ཅག་བར་དུ་གཅོད་པའི་ངའི་གསུང་ལ་ཡང་དག་པར་ཆ་བཞག་ལུས་པ་དེ་ཁྱེད་ཚོས་རྟོགས་པའི་སླད་དུ། ངས་གནས་འདི་ཀ་རང་དུ་ཁྱོད་ཅག་ལ་ཆད་པས་གཅོད་པ་དེ་ནི། ཁྱོད་ཅག་ལ་རྟགས་སུ་འགྱུར་བར་འགྱུར་རོ་ཞེས་ཡ་ཧོ་ཝཱས་གསུང་། ༣༠ ཡ་ཧོ་ཝཱས་འདི་སྐད་དུ། ལྟོས་ཤིག ཇི་ལྟར་ཁོ་བོས་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་དེའི་སྲོག་ལ་བརྔམས་པའི་ཕ་རོལ་པ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལག་པར་བཏད་པ་དང་འདྲ་བར། མི་སེར་གྱི་རྒྱལ་པོ་ཕར་ཨོ་ཧོབ་རཱ་ཡང་དེའི་དགྲའི་ལག་པ་དང་། དེའི་སྲོག་ལ་བརྔམས་པ་རྣམས་ཀྱི་ལག་ཏུ་གཏད་དོ། ཞེས་གསུང་ངོ་བྱས་སོ༎