༤༣
དེ་ནས་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་གིས་ཡེ་རེམ་ཡཱ་དེ་དག་གི་མདུན་དུ་མངགས་པའི་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་གི་བཀའ་མཆིད་ཐམས་ཅད་དམ། ཚིག་འདི་ཀུན་མི་སྡེ་ཡོངས་ལ་གསུང་འཕྲོ་རྫོགས་པའི་ཚེ། ༢ ཧོ་ཤ་ཡཱའི་བུ་ཨ་ཟར་ཡཱ་དང་། ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། ང་རྒྱལ་གྱིས་བསྙེམས་པའི་མི་ཚང་མས་ཡེ་རེམ་ཡཱ་ལ། ཁྱོད་ཀྱིས་རྫུན་ལབ་སྟེ། ངེད་ཅག་ལ་མི་སེར་དུ་སྡོད་དུ་མ་འགྲོ་ཞེས་ཟེར་བའི་ཕྱིར་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཁྱོད་མངགས་པ་མིན། ༣ འོན་ཀྱང་ངེད་ཀལ་དཱི་པ་རྣམས་ཀྱི་ལག་པར་བཏད་ཏེ། ངེད་ཅག་གསོད་པ་དང་། བཱ་བེལ་དུ་འཛིན་འཆང་བྱས་ནས་འཁྱེར་བའི་སླད་དུ། ནེར་ཡཱའི་བུ་བ་རུག་གིས་ཁྱོད་ངེད་ཅག་གི་དགྲར་བསླངས་པ་ཡིན་ནོ་ཟེར་ཏེ།༤ ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། དམག་དཔུང་རྣམས་ཀྱི་དམག་དཔོན་ཀུན་དང་། མི་སྡེ་ཚང་མས་ཡ་ཧུ་དཱའི་ཡུལ་ཁམས་ནང་སྡོད་ཅིག་ཅེས་ཡ་ཧོ་ཝཱས་གསུང་བ་ལ་མ་ཉན་པར། ༥ མི་བརྒྱུད་སོ་སོའི་ནང་དུ་གང་དང་གང་དུ་གཏོར་བར་བྱས་ནས་ཡོད་དེ། སླར་ཡ་ཧུ་དཱ་ཡུལ་ཁམས་ནང་གཞིས་བཟུང་དུ། ལོག་འོངས་པའི་ཡ་ཧུ་དཱའི་མི་ལྷག་མ་ཐམས་ཅད་དམ། སྐྱེས་པ་དང་། བུད་མེད་དང་། བྱིས་པ་དང་། ༦ རྒྱལ་པོའི་སྲས་མོ་རྣམས་དང་། སྐུ་བསྲུང་དཔོན་པོ་ནེ་བུ་ཟར་ཨ་དཱན་གྱིས་ཤཱ་ཕན་གྱི་ཚ་བོའམ། ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་དང་བཅས་སུ་བཞག་པའི་མི་ཚང་མ་དང་། ལུང་སྟོན་པ་ཡེ་རེམ་ཡཱ་དང་། ནེར་ཡཱའི་བུ་བ་རུག་དང་བཅས་པ་ཀ་རེ་ཨའི་བུ་ཡོ་ཧ་ནན་དང་དམག་དཔུང་རྣམས་ཀྱི་དམག་དཔོན་ཀུན་གྱིས་མཉམ་དུ་ཁྱེར་ཏོ། ༧ དེ་ལྟར་དེ་དག་ཡ་ཧོ་ཝཱའི་གསུང་ལ་མ་ཉན་པར་མི་སེར་ཡུལ་དུ་ཕྱིན་ནས། ཏཱ་ཕན་ཧེས་བྱ་བར་བསླེབས་སོ༎
༨ དེ་ནས་ཏཱ་ཕན་ཧེས་སུ་ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༩ རྡོ་འཆང་ཆེ་བ་རེ་ལག་ནང་ཐོགས་ཏེ། ཡ་ཧུ་དཱ་པའི་མཐོང་སར་ཏཱ་ཕན་ཧེས་ན་ཕར་ཨོའི་ཕོ་བྲང་གི་སྒོ་འབྱོར་གྱི་མདུན་དུ་ཡོད་པའི་ས་པག བསྲེག་སར་ས་ཞལ་ནང་དུ་དེ་དག་སྦོས་ཤིག ༡༠ ཡང་དེ་དག་ལ། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས། ངས་ཉིད་ཀྱི་ཕྱག་ཕྱི་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་དྲངས་ནས། ངས་སྦས་བཞག་པའི་རྡོ་འདི་རྣམས་ཀྱི་སྟེང་དུ་དེའི་རྒྱལ་ཁྲི་བརྒྱབ་ཅིང་། དེས་དེའི་སྟེང་དུ་རང་གི་རྒྱལ་མཚན་འོད་ཆགས་པ་དེ་འཛུགས་པར་འགྱུར། ༡༡ དེ་འོངས་ནས་མི་སེར་གྱི་ཡུལ་ཁམས་སྣད་པར་བྱ་སྟེ། འཆི་རྒྱུ་དག་འཆི་བ་དང་། བཙོན་དུ་འཁྱེར་རྒྱུ་དག་བཙོན་དང་། རལ་གྲིའི་ཕྱིར་ཡིན་པ་དག་རལ་གྲིར་གཏད་དོ། ༡༢ དེ་ནས་ངས་མི་སེར་པའི་ལྷ་ཁང་རྣམས་ཀྱི་ནང་དུ་མེ་སྦར་བར་བྱ། དེས་དེ་དག་བསྲེགས་ཏེ་བཙོན་དུ་འཁྱེར་བར་འགྱུར། ཕྱུགས་རྫིས་རང་གི་གོས་གྱོན་པ་ལྟར་མི་སེར་ཡུལ་ཁམས་གཡོག་པར་བྱ་ཞིང་། ཁོ་དེ་ནས་ཉེ་ཞོ་མེད་པར་བཞུད་པར་འགྱུར། ༡༣ དེས་མི་སེར་ཡུལ་ཁམས་ནང་ཡོད་པའི་བེད་ཤེ་མེས་ཀྱི་ཀ་བ་རྣམས་བཅག་ཅིང་། མི་སེར་པའི་ལྷ་ཁང་རྣམས་མེས་སྲེག་པར་འགྱུར་རོ༎