༤༢
དེ་ནས་དམག་དཔུང་རྣམས་ཀྱི་དམག་དཔོན་ཐམས་ཅད་དང་། ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། ཧོ་ཤ་ཡཱའི་བུ་ཡེ་ཟན་ཡཱ་དང་། ཆུང་ངུ་ནས་ཆེན་པོའི་བར་དུ་མི་སྡེ་ཐམས་ཅད་མདུན་དུ་འོངས་ནས།  ལུང་སྟོན་པ་ཡེ་རེམ་ཡཱ་ལ། ངེད་ཅག་གི་ཞུ་གསོལ་ཁྱེད་ཀྱིས་གསན་ནས། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་ངེད་ཅག་གི་མི་ཕྱི་ལུས་འདི་ཀུན་གྱི་དོན་དུ་སྨོན་ལམ་འདེབས་པར་མཛོད་ཅིག གང་ལ་ཞུ་ན། ཁྱེད་ཀྱིས་ངེད་གཟིགས་པར་ལྟར་ངེད་ཅག་ནི་མང་པོའི་ནང་ནས་ཉུང་ངུ་ཞིག་ལུས་པས།  ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ངེད་འགྲུལ་དགོས་པའི་ལམ་དང་། བྱེད་དགོས་པའི་བྱ་བ་དེ་ངེད་ཅག་ལ་སྟོན་པའི་དོན་དུའོ། ཞེས་ཞུས་པ་དང་།  ལུང་སྟོན་པ་ཡེ་རེམ་ཡཱས་དེ་དག་ལ། ངས་ཁྱོད་ཅག་གི་གཏམ་ཐོས་པས། ལྟོས་ཤིག ངས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་ཁྱོད་ཀྱི་གཏམ་བཞིན་དུ་གསོལ་བར་བྱ་སྟེ། ཡ་ཧོ་ཝཱས་ཁྱོད་ཅག་ལ་བཀའ་ལན་ཅི་གནང་བ་དེ་ངས་ཁྱོད་ཅག་ལ་འཆད་པར་བྱ་ཞིང་། ཅིའང་ཁྱོད་ཅག་ལ་གསང་བར་མི་བྱའོ། ཞེས་བགྱིས་པ་དང་།  དེ་དག་གིས་ཡེ་རེམ་ཡཱ་ལ། ཡ་ཧོ་ཝཱ་དཀོན་མཆོག་གིས་བཀའ་སྩལ་གང་དང་བཅས་སུ་ཁྱེད་ངེད་ཀྱི་རྩར་མངག་པ་ནང་བཞིན་དུ། ངེད་ཀྱིས་མི་བྱེད་ན། འོ་ཅག་གི་བར་ན་ཡ་ཧོ་ཝཱ་དཔང་པོ་དྲང་པོ་དང་། བློ་གདེང་ཅན་དུ་བཞུགས་པར་ཤོག་ཅིག  ངེད་ཅག་ཡ་ཧོ་ཝཱ་ངེད་རང་གི་དཀོན་མཆོག་གི་གསུང་བར་ཉན་པའི་ཚེ། ངེད་ལེགས་པའི་དོན་དུ། ངེད་ཅག་གིས་ཁྱེད་མངགས་པའི་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་གསུངས་པ་བཟང་ངན་ཅི་ཡོད་ཀྱང་ཉན་པར་བྱའོ་ཞེས་ཞུས་སོ༎
 དེ་ནས་ཞག་བཅུའི་འོག་ཏུ་ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱའི་གསུང་བྱུང་བ་དང་།  ཁོང་གིས་ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། དེ་མཉམ་ཡོད་པའི་དམག་དཔུང་རྣམས་ཀྱི་དམག་དཔོན་མཐའ་དག་དང་། ཆུང་ངུ་ནས་ཆེན་པོའི་བར་དུ་མི་ཐམས་ཅད་བོས་ནས།  དེ་དག་ལ། ཁྱོད་ཅག་གི་ཞུ་གསོལ་སྐྱེལ་དུ་ཁྱོད་ཅག་གིས་ང་བཏང་བའི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ༡༠ ཇི་སྟེ་ཁྱོད་ཅག་ད་དུང་ཡང་ཡུལ་འདིར་གནས་ན། ངས་ཁྱོད་བཞེང་ཞིང་། རློག་པར་མི་བྱ། ངས་ཁྱོད་འཛུགས་ཤིང་། འབོགས་པར་མི་བྱའོ། དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་ཅག་ལ་བྱས་ཟིན་པའི་རྐྱེན་ངན་གྱི་ཕྱིར་ང་འགྱོད་དོ། ༡༡ ཁྱོད་ཅག་འཇིགས་པའི་བཱ་བེལ་རྒྱལ་པོ་ལ་མ་འཇིགས་ཤིག དེ་ལ་དངང་མ་སྐྲགས་ཤིག ཅེས་ཡ་ཧོ་ཝཱས་གསུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཅག་སྐྱོབ་པ་དང་། དེའི་ལག་པ་ལས་སྒྲོལ་དུ་ང་ཁྱོད་ཅག་དང་འགྲོགས་ཏེ། ༡༢ དེས་ཁྱོད་ཅག་ལ་སྙིང་བརྩེ་ཞིང་། ཁྱོད་ཅག་རང་གི་ཡུལ་དུ་ཕྱིར་ཟློག་པའི་དོན་དུ། ངས་ཁྱོད་ཅག་ལ་ཐུགས་བརྩེར་གཟིགས་པར་བྱའོ། ༡༣ འོན་ཀྱང་གལ་ཏེ་ཁྱོད་ཅག་གིས། ངེད་ཅག་ཡུལ་འདིར་གནས་པར་ཡང་མི་བྱ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་གསུང་ལའང་ཉན་པར་མི་བྱའོ་ཟེར་ཞིང་། ༡༤ ངེད་ཅག་འཐབ་མོ་མི་མཐོང་བ། དམག་དུང་གི་སྒྲ་མི་ཐོས་པ། ཁ་ཟས་ཀྱིས་མི་བཀྲེས་པའི་ས་ཆ་མི་སེར་དུ་འགྲོ་ཞིང་དེས་གནས་པར་བྱ་སྟེ། འདིར་མི་སྡོད་ཟེར་ན། ༡༥ ད་ཀྱེ་ཡ་ཧུ་དཱའི་ཕྱི་ལུས། ཡ་ཧོ་ཝཱའི་བཀའ་ལ་རྣ་བ་ཐུད་ཅིག དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཇི་སྟེ་ཁྱོད་ཅག་བདེན་པར་མི་སེར་ཡུལ་ནང་ཞུགས་པ་ལ་གདོང་པ་བསྒྱུར་ཏེ། དེར་གཞིས་ཆགས་སུ་འགྲོ་ན། ༡༦ འདི་འདྲ་འབྱུང་བར་འགྱུར། ཁྱོད་ཅག་འཇིགས་པའི་རལ་གྲི་དེ་མི་སེར་ཡུལ་དུ་ཁྱོད་ཅག་ལ་ནོན་པར་འགྱུར། ཡང་ཁྱོད་ཅག་འཚབས་པའི་མུ་གེ་དེ་ཚ་དྲག་གིས་ཁྱོད་ཅག་གི་ཕྱི་བཞིན་དུ་མི་སེར་ཡུལ་དེར་འབྲང་ཞིང་། དེར་ཁྱོད་རྣམས་འཆི་བར་འགྱུར། ༡༧ དེ་དང་འདྲ་བར་མི་སེར་ཡུལ་དུ་སྡོད་དུ་རང་གི་གདོང་པ་དེ་ཕྱོགས་སུ་བསྒྱུར་པའི་མི་ཚང་མ་རལ་གྲི་དང་མུ་གེ་དང་ནད་རིམས་ཀྱིས་ཤི་སྟེ། ངས་དེ་དག་གི་ཐོག་ཏུ་འབེབས་རྒྱུའི་རྐྱེན་ངན་ལས་དེ་དག་གི་ནང་ནས་གང་ཡང་ལུས་ཤིང་ཐར་བར་མི་འགྱུར་རོ༎
༡༨ གང་ལ་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཡེ་རུ་ཤ་ལེམ་པའི་ཐོག་ཏུ་ཁོ་བོའི་ཐུགས་ཁྲོ་དང་ཁྲོ་གཏུམ་ཕོས་པ་ཁོ་ན་བཞིན་དུ། ཁྱོད་ཅག་མི་སེར་ཡུལ་དུ་ཞུགས་པ་ཙམ་གྱིས་ངའི་ཁྲོ་གཏུམ་དེ་ཁྱོད་ཅག་གི་ཐོག་ཏུ་འཕོ་བར་བྱའོ། དེ་ནས་ཁྱོད་ཅག་སྐྱུག་བྲོ་བོ་དང་། ཧོན་འཁྱོར་བ་དང་། སྨོད་ཟོར་དང་། སྐུར་ཀླན་དུ་འགྱུར་ཞིང་། སླར་གནས་འདི་མཐོང་བར་མི་འགྱུར་རོ། ༡༩ ཀྱེ་ཡ་ཧུ་དཱའི་ཕྱི་ལུས། མི་སེར་དུ་མ་འགྲོ། ཞེས་ཁྱོད་ཅག་གི་དོན་དུ་ཡ་ཧོ་ཝཱས་གསུངས་པས། དེ་རིང་གི་ཉིན་མོར་ངས་ཁྱོད་ཅག་ལ་སྐུལ་བ་དེ་ནི་ངེས་པར་རྟོགས་ཤིག ༢༠ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གིས་རང་གི་སེམས་བསླུས་ཏེ་ང་ལ། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་ལ་ངེད་ཀྱི་དོན་དུ་གསོལ་བ་ཐོབ་ཅིག་དང་། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཅི་དང་ཅི་གསུང་བ་བཞིན་ངེད་ལ་ཤོད་ཅིག ངེད་ཀྱིས་དེ་སྒྲུབ་པར་བྱའོ་ཟེར་ནས། ཡ་ཧོ་ཝཱ་ཁྱོད་རང་གི་དཀོན་མཆོག་གི་དྲུང་དུ་ང་བརྫངས་སོ། ༢༡ ད་ངས་དེ་རིང་གི་ཉིན་མོར་དེ་ཁྱོད་ཅག་ལ་བཤད་ཀྱང་། ཁྱོད་ཅག་གིས་ཡ་ཧོ་ཝཱ་ཁྱོད་རང་གི་དཀོན་མཆོག་གི་གསུང་ངམ། ཁོང་གིས་ང་ཁྱོད་ཅག་གི་མདུན་དུ་སྩལ་བའི་ཚིག་གཅིག་ལའང་མ་ཉན་ཏོ། ༢༢ ད་དེའི་ཕྱིར་ཁྱོད་ཅག་སྡོད་དུ་འགྲོ་འདོད་པའི་ས་ཆར། ཁྱོད་ཅག་རལ་གྲི་དང་མུ་གེ་དང་རིམས་ནད་ཀྱིས་འཆི་བར་འགྱུར་བ་ནི་ངེས་པར་རྟོགས་ཤིག ཅེས་བྱས་སོ༎