༤༡
དེའང་ཟླ་བ་བདུན་པའི་ནང་དུ་རྒྱལ་པོའི་བརྒྱུད་པ་དང་། རྒྱལ་པོའི་སྐུ་དྲག་གི་ནང་ནས་གཙོ་ཆེ་བ་ཞིག་ཡིན་པའི་ཨེ་ལི་ཤ་མཱའི་ཚ་བོའམ། ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་བྱ་བ་དེ། སྐྱེས་པ་བཅུ་ཐམ་པ་དང་བཅས་སུ་མིས་པཱ་རུ་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱའི་རྩར་འོངས་ནས། དེ་དག་མིས་པཱ་རུ་ལྷན་ཅིག་ཏུ་ཁ་ཟས་ཟས་པ་དང་།  ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་དང་། ཁོ་མཉམ་ཡོད་པའི་སྐྱེས་པ་བཅུ་པོ་དེ་ལངས་ནས། བཱ་བེལ་རྒྱལ་པོས་ཡུལ་ཁམས་ཀྱི་སྤྱི་དཔོན་དུ་བཅུག་ཡོད་པའི་ཤཱ་ཕན་གྱི་ཚ་བོའམ། ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱར་རལ་གྲི་བརྒྱབས་ནས་བཀུམ་མོ།  དེ་མ་ཟད་པར་ཨིས་མ་ཨེལ་གྱིས། གེ་དལ་ཡཱ་མཉམ་མིས་པཱ་རུ་ཡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་དང་། དེར་ཡོད་པའི་ཀལ་དཱི་པ་རྣམས་དང་། དམག་གི་སྐྱེ་བོ་དག་ཀྱང་སྲོག་དང་ཕྲལ་ཏོ༎
 ཁོས་གེ་དལ་ཡཱ་བཀུམ་པ་མི་སུ་ལའང་རྒྱུས་མ་སོང་། དེའི་སང་ཉིན་བྱུང་བར་གྱུར་པ་ནི།  སི་ཀེམ་དང་། ཤི་ལོ་དང་། ས་མར་ཡཱ་གསུམ་ནས་མི་ཁ་ཅིག་གམ། སྐྱེས་པ་བརྒྱད་བཅུ་ཐམ་པ་སྨ་ར་བཞར་ཏེ་གོས་བཤགས་ནས། རང་ལ་རྨ་ཕྱུང་སྟེ་མཆོད་པ་དང་བདུག་སྤོས་ལག་ཏུ་ཐོགས་ནས། ཡ་ཧོ་ཝཱའི་ཕོ་བྲང་དུ་འོང་བ་ལས།  ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་དེ་དག་ལ་བསུ་བར་མིས་པཱ་ནས་ཐོན་ཏེ། ངུ་ཞིང་འགྲོ་བ་དང་། དེ་དག་དང་ཕྲད་པ་ལས་དེ་དག་ལ། ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱའི་དྲུང་དུ་བྱོན་དང་བྱས་ནས།
 དེ་ལྟར་དེ་རྣམས་གྲོང་ཁྱེར་གྱི་དབུས་སུ་ཕྱིན་པའི་ཚེ། ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་དང་། དེ་མཉམ་ཡོད་པའི་མི་རྣམས་ཀྱིས་དེ་དག་བསད་དེ་དོང་དཀྱིལ་དུ་དབྱུགས་སོ།  འོན་ཀྱང་དེ་དག་གི་ནང་ནས། ངེད་ཅག་ལ་ཞིང་གི་ནང་དུ་གྲོ་དང་། ནས་དང་འབྲུ་མར་དང་། སྦྲང་རྩིའི་སྦ་ཁུང་ཡོད་པས། ངེད་ཅག་མ་གསོད་ཅིག ཅེས་ཨིས་མ་ཨེལ་ལ་ཟེར་བའི་མི་བཅུ་བྱུང་ནས། ཁོས་དེ་དག་བཞག་ནས་དེ་དག་གི་སྤུན་དང་ལྷན་ཅིག་ཏུ་མ་བསད་དོ།  དེའང་ཨིས་མ་ཨེལ་གྱིས་གེ་དལ་ཡཱ་དང་ལྷན་ཅིག་ཏུ་བསད་དེ། རོ་དབྱུགས་པར་བྱས་པའི་དོང་འདི་ནི། རྒྱལ་པོ་ཨ་སཱ་བྱ་བ་དེ་ཨིས་ར་ཨེལ་གྱི་རྒྱལ་པོ་བ་ཨེ་ཤཱ་ལ་དངང་སྐྲགས་ནས་བྱས་པ་དེ་རང་ཡིན། ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་གྱིས་དེ་ནི་རོས་བཀང་ངོ་། ༡༠ དེ་ནས་ཨིས་མ་ཨེལ་གྱིས་མིས་པཱ་རུ་ཡོད་པའི་མི་ཕྱི་ལུས་ཚང་མའམ། སྐུ་བསྲུང་དཔོན་པོ་ནེ་བུ་ཟར་ཨ་དཱན་གྱིས་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་ལ་བཅོལ་བའི་རྒྱལ་པོའི་སྲས་མོ་དང་། མིས་པཱ་ན་ཡོད་པའི་མི་ཚང་མ་འཛིན་འཆང་བྱས་ནས་ཁྱེར་ཏེ། ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་གྱིས་དེ་རྣམས་བཙོན་དུ་ཁྱེར་ནས། ཨམ་མོན་གྱི་བུ་རྣམས་ཀྱི་རྩར་ཕ་རོལ་པའི་རྩར་འགྲོ་བའི་ཕྱིར་ཆས་སོ༎
༡༡ འོན་ཀྱང་ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། དེ་མཉམ་ཡོད་པའི་དམག་དཔུང་རྣམས་ཀྱི་དམག་དཔོན་ཐམས་ཅད་ཀྱིས་ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་གྱིས་བྱས་པའི་མི་རིགས་པ་ཐམས་ཅད་ཐོས་པ་དང་། ༡༢ དེ་དག་གིས་སྐྱེས་པ་ཐམས་ཅད་ཁྲིད་ནས། ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་ལ་འཐབ་ཏུ་སོང་བ་ལས། གི་བེ་ཨོན་གྱི་ཆུ་ཆེན་པོ་རྣམས་ཀྱི་འགྲམ་དུ་དེ་ལ་ནོན་ནོ། ༡༣ དེའང་ཨིས་མ་ཨེལ་མཉམ་ཡོད་པའི་མི་དེ་རྣམས་ཀྱིས་ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། དེ་དང་ལྷན་ཅིག་ཏུ་ཡོད་པའི་དམག་དཔུང་རྣམས་ཀྱི་དམག་དཔོན་ཚང་མ་མཐོང་ནས། སེམས་དགའ་བར་གྱུར་ཏོ། ༡༤ དེ་ལྟར་ཨིས་མ་ཨེལ་གྱིས་མིས་པཱ་ནས་བཙོན་དུ་ཁྱེར་བའི་མི་ཐམས་ཅད་ལོག་ནས། ཕྱིར་འཁོར་ཏེ་ཀ་རེ་ཨའི་བུ་ཡོ་ཧ་ནན་གྱི་དྲུང་དུ་ཕྱིན་ཏོ། ༡༥ འོན་ཀྱང་ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་དེ་ནི་མི་བརྒྱད་དང་བཅས་ཡོ་ཧ་ནན་ལས་ཐར་ཏེ། ཨམ་མོན་གྱི་བུ་རྣམས་ཀྱི་རྩར་སོང་ངོ་། ༡༦ དེ་ནས་ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། དེ་མཉམ་ཡོད་པའི་དམག་དཔུང་རྣམས་ཀྱི་དམག་དཔོན་དག་གིས་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་བཀུམ་པའི་རྗེས་སུ། མིས་པཱ་རུ་ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་གྱི་ལག་ནས་བསྒྲལ་བའི་མི་སྡེའི་ཕྱིར་ལུས་ཐམས་ཅད་དམ། གི་བེ་ཨོན་ནས་ཕྱིར་ལོག་འཁྱེར་འོངས་པའི་དམག་གི་སྐྱེ་བོ་དང་། བུད་མེད་དང་། བྱིས་པ་དང་། ཉུག་རུམ་རྣམས་ཁྲིད་ནས། ༡༧ མི་སེར་ཡུལ་དུ་ཆས་པ་ལ་ཐོན་ཏེ། བེད་ལེ་ཧེམ་དང་ཐག་ཉེ་བའི་ཁིམ་ཧམ་གྱི་འགྲོན་ཁང་དུ་བསྡད་དོ། ༡༨ དེ་ཅིའི་ཕྱིར་ཞེ་ན། ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་གྱིས་བཱ་བེལ་རྒྱལ་པོས་ཡུལ་ལྗོངས་ཀྱི་སྤྱི་དཔོན་དུ་བསྐོས་ཡོད་པའི་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་བསད་པའི་རྐྱེན་གྱིས། དེ་དག་ཀལ་དཱི་པ་ལ་འཇིགས་པ་ཡིན་ནོ༎