༤༠
བཱ་བེལ་དུ་བཙོན་ལ་འཁྲིད་པའི་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་ནས་བཙོན་དུ་ཁྱེར་པ་ཐམས་ཅད་ཀྱི་ཁྲོད་དུ། སྐུ་བསྲུང་དཔོན་པོ་ནེ་བུ་ཟར་ཨ་དཱན་གྱིས་ཡེ་རེམ་ཡཱ་ལ་ལག་ལྕགས་བརྒྱབས་ནས་ཁྱེར་དུས། རཱ་མཱ་ནས་ཁོང་འགྲོར་བཅུག་པའི་འོག་ཏུ། ཡེ་རེམ་ཡཱར་ཡ་ཧོ་ཝཱ་ལས་གསུང་བྱོན་ནོ༎
 དེར་སྐུ་བསྲུང་དཔོན་པོས་ཡེ་རེམ་ཡཱ་གདན་དྲངས་ནས་ཁོང་ལ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་གནས་འདི་ལ་རྐྱེན་ངན་འདི་འབྱུང་དུ་བསྒྲགས་པར་མཛད་དེ།  ད་ཡ་ཧོ་ཝཱས་དེ་རང་ཕབ་ནས། གསུངས་པ་བཞིན་དུ་བསྒྲུབས་སོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཚོས་ཡ་ཧོ་ཝཱ་ལ་ཉེས་སྡིག་བྱས་ཏེ། ཁོང་གི་གསུང་སྒྲ་ལ་མ་ཉན་པའི་རྐྱེན་གྱིས་བྱ་བ་འདི་ཁྱོད་ཅག་གི་ཐོག་བབས་པ་ཡིན།  ད་གཟིགས་ཤིག དེ་རིང་གི་ཉིན་མོར་ངས་ཁྱེད་ཀྱི་ལག་ལྕགས་འཁྲོལ་བས་ན། ཇི་སྟེ་ཁྱེད་ང་མཉམ་བཱ་བེལ་དུ་ཕེབས་པ་ལེགས་པར་རིག་ན། གཤེགས་ཤིག་དང་། ངས་ཁྱེད་ལ་ལེགས་པར་བལྟའོ། ཡང་ཇི་སྟེ་ང་མཉམ་བཱ་བེལ་དུ་ཕེབས་པ་ཉེས་པར་རིག་ན། བཞུགས་པར་མཛོད། གཟིགས་ཤིག ཡུལ་ཁམས་ཐམས་ཅད་ཁྱེད་ཀྱི་མདུན་ན་ཡོད་པས། གང་དུ་ཁྱེད་མཉེས་ཤིང་ཐུགས་ལ་བབས་ན། དེའི་ཕྱོགས་སུ་ཕེབས་འཚལ་བྱས་ནས།
 ད་དུང་ཁོང་གདན་མ་འཁོར་བར་དེར་ཡོད་པའི་དུས་སུ་དེས་ཁོང་ལ། བཱ་བེལ་རྒྱལ་པོས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ཀྱི་དཔོན་དུ་བསྐོས་པའི་ཨ་ཧི་ཀམ་གྱི་བུའམ། ཤཱ་ཕན་གྱི་ཚ་བོ་གེ་དལ་ཡཱའི་རྩར་གདན་འཁོར་ཞིང་། མི་སྡེའི་ཁྲོད་དུ་དེ་དང་མཉམ་དུ་བཞུགས་ཤིག དེ་མིན་གཞན་གང་དུ་བཞུད་པ་ཐུགས་ལ་བབས་ན་ཕེབས་ཤིག་ཞུས་ཏེ། སྐུ་བསྲུང་དཔོན་པོ་དེས་ཁོང་ལ་ཕོགས་དང་གསོལ་རས་ཕུལ་ནས་བཞུད་དུ་བཅུག་པ་དང་།  མིས་པཱར་ཡོད་པའི་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་རུ་ཕྱིན་ཏེ། དེ་དང་མཉམ་དུ་ཡུལ་ནང་ལུས་ཡོད་པའི་མི་སྡེའི་དཀྱིལ་དུ་བཞུགས་སོ༎
 དེའང་དམག་དཔུང་གི་དམག་དཔོན་རྣམས་དེ་དག་གི་འཁོར་དང་བཅས་སུ་ཐང་གར་ཡོད་པ་རྣམས་ཀྱིས། བཱ་བེལ་རྒྱལ་པོས་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་ཡུལ་ཁམས་ཀྱི་སྤྱི་ཁྱབ་ཏུ་བསྐོས་ཏེ། བཙོན་དུ་བཟུང་ནས་བཱ་བེལ་དུ་མ་ཁྱེར་པའི་སྐྱེས་པ་དང་། བུད་མེད་དང་། བྱིས་པ་རྣམས་དང་། ཡུལ་ཁམས་ཀྱི་དབུལ་ཕོངས་དག་དེའི་ལག་ཏུ་བཏད་པའི་ཕྲིན་ཐོས་ནས།  ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་དང་། ཀ་རེ་ཨའི་བུ་ཡོ་ཧ་ནན་དང་ཡོ་ན་ཐན་གཉིས་དང་། ཏན་ཧུ་མེད་ཀྱི་བུ་སེ་ར་ཡཱ་དང་། ནེ་ཏོ་ཕད་བྱ་བའི་ཡུལ་གྱི་ཨེ་ཕཱ་ཨིའི་བུ་རྣམས་དང་། མ་ཨ་ཀད་པའི་བུ་ཡེ་ཟན་ཡཱ་དང་བཅས་པ་དེ་དག་གི་འཁོར་དང་བཅས་སུ་གེ་དལ་ཡཱ་ག་ལ་བ་དེར་མིས་པཱ་རུ་འོངས་པ་ལས།  ཨ་ཧི་ཀམ་གྱི་བུའམ། ཤཱ་ཕན་གྱི་ཚ་བོ་གེ་དལ་ཡཱས་དེ་དག་དང་དེ་དག་གི་འཁོར་ལ་མནའ་བསྐྱལ་ཏེ། ཁྱེད་ཅག་ཀལ་དཱི་པའི་གཡོག་བྱེད་པ་ལ་མ་འཇིགས་པར། ཡུལ་གྱི་ནང་དུ་སྡོད་ལ། བཱ་བེལ་རྒྱལ་པོའི་འབངས་བྱོས་ཤིག་དང་། ཁྱེད་ཅག་ལ་ཕན་ཐོགས་པར་འགྱུར་རོ། ༡༠ ང་རང་ནི་ཀྱེ་ཧོ། ཚུར་འོང་བའི་ཀལ་དཱི་པ་རྣམས་ཀྱི་མདུན་དུ་ཀེ་རེ་སྡོད་པའི་ཕྱིར། ང་མིས་པཱ་རུ་གཞིས་འབེབས་པར་བྱའི། ཁྱེད་ཅག་གིས་རྒུན་ཆང་དང་། དབྱར་ཀའི་ཤིང་འབྲས་དང་། འབྲུ་མར་སྡུས་ལ། རང་གི་སྣོད་ཀྱི་ནང་སོག་ཅིག་དང་། ཁྱེད་ཚོས་བདག་གིར་བྱས་ཟིན་པའི་གྲོང་ཁྱེར་རྣམས་ཀྱི་ནང་ན་གཞིས་ཕོབ་ཅིག་ཅེས་བསྒོའོ། ༡༡ དེ་ལྟར་མོ་ཨབ་དང་། ཨམ་མོན་པའི་ཁྲོད་དུ་དང་། ཨེ་དོམ་དང་། གཞན་ཡུལ་ཀུན་ན་ཡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་བཱ་བེལ་རྒྱལ་པོས་ཡ་ཧུ་དཱ་པའི་ལྷག་མ་ཞིག་བཞག་ནས། དེ་དག་གི་ཐོག་ཏུ་ཨ་ཧི་ཀམ་གྱི་བུའམ་ཤཱ་ཕན་གྱི་ཚ་བོ་གེ་དལ་ཡཱ་དཔོན་པོར་བསྐོས་པའི་གཏམ་ཐོས་པ་དང་། ༡༢ ཡ་ཧུ་དཱ་པ་ཐམས་ཅད་གང་དང་གང་དུ་གཏོང་བའི་གནས་ཐམས་ཅད་ལས་ལོག་ནས། ཡ་ཧུ་དཱའི་ཡུལ་གྱི་མིས་པཱ་རུ་གེ་དལ་ཡཱའི་རྩར་འོངས་ཏེ། རྒུན་ཆང་དང་དབྱར་ཀའི་ཤིང་ཏོག་ལྷག་པར་མང་པོ་བསགས་སོ༎
༡༣ གཞན་ཡང་ཀ་རེ་ཨའི་བུ་ཡོ་ཧ་ནན་དང་། དམག་ཚོགས་ཀྱི་དམག་དཔོན་ཐང་གའི་ནང་ཡོད་པ་མཐའ་དག་མིས་པཱ་རུ་གེ་དལ་ཡཱའི་སར་འོངས་ནས་དེ་ལ། ༡༤ ཨམ་མོན་པའི་རྒྱལ་པོ་བ་ཨ་ལིས་ཀྱིས་ཁྱེད་གསོད་དུ་ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་བཏང་བའི་ཆ་ཁྱེད་ལ་ཡོད་དམ་བྱས་ཀྱང་། ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱ་དེ་དག་ལ་ཡིད་མ་ཆེས་སོ། ༡༥ དེ་ནས་ཀ་རེ་ཨའི་བུ་ཡོ་ཧ་ནན་གྱིས་མིས་པཱ་རུ་གེ་དལ་ཡཱ་ལ་ལྐོག་ཏུ་འདི་སྐད་དུ། ང་ནེ་ཐན་ཡཱའི་བུ་ཨིས་མ་ཨེལ་གསོད་དུ་འགྲོ་བར་གནོང་ཞིག་དང་། སུས་ཀྱང་ཤེས་པར་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱི་དྲུང་དུ་ལྷགས་པའི་ཡ་ཧུ་དཱ་པ་ཐམས་ཅད་ཁ་འཐོར་བ་དང་། ཡ་ཧུ་དཱའི་ནང་ལུས་ཡོད་པའི་ལྷག་མའང་འཆི་བའི་ཕྱིར། ཅིའི་སླད་དུ་དེས་ཁྱེད་གསོད་པར་རུང་བྱས་མོད། ༡༦ ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱས་ཀ་རེ་ཨའི་བུ་ཡོ་ཧ་ནན་ལ། ཁྱོད་ཀྱིས་དེ་ལྟར་མ་བྱེད་ཅིག གང་ལ་ཞེ་ན། ཁྱོད་ཀྱིས་ཨིས་མ་ཨེལ་གྱི་སྐོར་དུ་རྫུན་ཟེར་རོ། ཞེས་སྨྲས་སོ༎