༣༨
དེ་ནས་མད་ཐན་གྱི་བུ་ཤེ་ཕད་ཡཱ་དང་། ཕ་ཤུར་གྱི་བུ་གེ་དལ་ཡཱ་དང་། ཤེ་ལེམ་ཡཱའི་བུ་ཡུ་ཀལ་དང་། མལ་ཀི་ཡཱའི་བུ་ཕ་ཤུར་དང་བཞི་ཡིས་ཡེ་རེམ་ཡཱས་མི་སྡེ་ཐམས་ཅད་ལ་འདི་སྐད་བསྒྲགས་པའི་གཏམ་ཐོས་བྱུང་། ༢ ཡ་ཧོ་ཝཱས་འདི་སྐད་གསུང་། རྒྱལ་ས་འདིར་ལུས་པ་ཀུན་རལ་གྲི་དང་མུ་གེ་དང་ནད་རིམས་ཀྱིས་སྲོག་དང་འབྲལ་བར་འགྱུར་གྱིས། ཀལ་དཱི་པའི་ཕྱོགས་སུ་ཕྱིན་པ་ཀུན་གསོན་པོར་ལུས་ཏེ། དེ་ལ་དེའི་སྲོག་ནི་བཅོམ་ནོར་ལྟར་བུར་འགྱུར་ཞིང་འཚོ་བར་འགྱུར་རོ། ༣ ཡ་ཧོ་ཝཱས་འདི་སྐད་གསུང་། རྒྱལ་ས་འདི་བཱ་བེལ་རྒྱལ་པོའི་དམག་ཚོགས་ཀྱི་ལག་པར་གཏད་པ་བདེན་ཏེ། དེས་འདི་འཛིན་པར་འགྱུར་རོ་བྱས་པས། ༤ སྐུ་དྲག་རྣམས་ཀྱིས་རྒྱལ་པོ་ལ། མི་འདི་གསོད་དུ་ངེད་ཀྱིས་ཞུ་འབུལ་བྱེད་དོ། ཅི་ལ་ཞུ་ན། དེས་འདི་འདྲའི་གཏམ་ལབ་ཅིང་། རྒྱལ་ས་འདིར་ལུས་ཡོད་པའི་དམག་གི་སྐྱེ་བོ་དག་གི་ལག་པ་དང་། མི་སྡེ་བྱིངས་ཀྱི་ལག་རྩ་ལྷོད་དུ་བཅུག་པས། མི་འདིས་ཡུལ་འདིའི་མི་རྣམས་ཀྱི་ཕན་ལ་མི་སྙེགས་པར་གནོད་དུ་སྙེགས་སོ། ཞེས་ཞུས་པ་དང་། ༥ རྒྱལ་པོ་ཚེ་དེག་ཡཱས། ལྟོས་ཤིག ཁོ་ཁྱོད་ཅག་གི་ལག་པར་ཡོད། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཅག་དང་མ་འཐུས་པར་རྒྱལ་པོས་ཅིའང་བྱེད་མི་ནུས་ཞེས་བྱས་པས། ༦ དེ་དག་གིས་ཡེ་རེམ་ཡཱ་བཟུང་ནས། བྱ་ར་བའི་མཚོམས་ན་ཡོད་པའི་རྒྱལ་སྲས་མལ་ཀི་ཡཱའི་བཙོན་དོང་གི་ནང་དུ་དབྱུགས་ཏེ། ཡེ་རེམ་ཡཱ་དཔྱང་ཐག་ལ་བཏང་ནས་ཕབ་བོ། བཙོན་དོང་དེ་ནང་ན་ཆུ་མེད་པར་འདམ་རྫབ་འབའ་ཞིག་ཡོད་པས། ཡེ་རེམ་ཡཱ་འདམ་ནང་བྱིང་བར་གྱུར་ཏོ༎༧ དེ་ཚོས་ཡེ་རེམ་ཡཱ་བཙོན་དོང་དུ་བཅུག་པ་དེ་རྒྱལ་ཁབ་ན་ཡོད་པའི་ཉུག་རུམ་ཀུས་པ་ཨེ་བེད་མེ་ལེག་གིས་ཐོས་པའི་དུས་སུ། རྒྱལ་པོ་ནི་བེན་ཡ་མིན་གྱི་རྒྱ་སྒོར་བསྡད་ཡོད་པ་དང་། ༨ ཨེ་བེད་མེ་ལེག་རྒྱལ་ཁབ་ལས་བྱུང་སྟེ། རྒྱལ་པོ་ལ་ཞུས་ནས་འདི་ན་རེ། ༩ ཀྱེ་ངའི་ཇོ་བོ་རྒྱལ་པོ་ལགས། མི་དེ་དག་གིས་ལུང་སྟོན་པ་ཡེ་རེམ་ཡཱར་བྱས་པ་ཐམས་ཅད་ཀྱི་ནང་ན་མི་རུང་བ་བྱས་ཏེ། ཁོང་བཙོན་དོང་ནང་ཕངས་སོ། ད་རྒྱལ་སའི་ནང་ན་རྩ་བ་ནས་ཁ་ཟས་མེད་པས། ཁོང་ནི་གང་ན་བ་དེར་བཀྲེས་པས་འགྲོང་བར་འགྱུར་རོ། ཞུས་པ་དང་། ༡༠ རྒྱལ་པོས་ཀུས་པ་ཨེ་བེད་མེ་ལེག་ལ། ཁྱོད་དང་མཉམ་དུ་མི་མདའ་སུམ་ཅུ་ཁྲིད་སོང་། ལུང་སྟོན་པ་ཡེ་རེམ་ཡཱ་མ་འཆི་གོང་དུ་བཙོན་དོང་ལས་ཕྱུང་ཞིག ཅེས་བཀའ་སྩལ་པས། ༡༡ ཨེ་བེད་མེ་ལེག་གིས་རང་དང་ལྷན་ཅིག་ཏུ་མི་རྣམས་ཁྲིད་ནས། རྒྱལ་ཁབ་ཏུ་གཏེར་མཛོད་ཀྱི་འོག་ཁང་དུ་སོང་ནས། གོས་ཧྲུལ་དང་ལྷན་ཆད་རྙིང་པ་རུལ་བ་རྣམས་དེ་ནས་བླངས་ཏེ། དེ་དག་དཔྱང་ཐག་ལ་བཏང་ནས། བཙོན་དོང་ནང་ཡེ་རེམ་ཡཱར་བསྲིངས་ནས། ༡༢ ཀུས་པ་ཨེ་བེད་མེ་ལེག་གིས་ཡེ་རེམ་ཡཱ་ལ། ད་གོས་ཧྲུལ་དང་ལྷན་ཆད་རུལ་བ་རྣམས་ཐག་པའི་འོག་ཏུ་མཆན་ཁུང་དུ་ཆུག་ཅིག ཅེས་ཞུས་པ་ལྟར་ཡེ་རེམ་ཡཱས་མཛད་པ་དང་། ༡༣ དེ་དག་གིས་ཐག་པ་རྣམས་ཀྱིས་ཡེ་རེམ་ཡཱ་ཡར་དྲངས་ཏེ། བཙོན་དོང་གི་ནང་ནས་བཏོན་པ་ལས། ཡེ་རེམ་ཡཱ་བྱ་ར་བའི་མཚོམས་ཀྱི་ནང་དུ་བཞུགས་སོ༎
༡༤ དེ་ནས་རྒྱལ་པོ་ཚེ་དེག་ཡཱས་མི་བརྫངས་ནས། ཡ་ཧོ་ཝཱའི་ཕོ་བྲང་གི་སང་སྒོ་གསུམ་པར་རང་གི་དྲུང་དུ་ལུང་སྟོན་པ་ཡེ་རེམ་ཡཱ་བོས་ནས། རྒྱལ་པོས་ཡེ་རེམ་ཡཱ་ལ། ངས་ཁྱེད་ལ་ཅི་ཞིག་འདྲི་བར་བྱ། ང་ལ་ཅི་ཡང་སྦ་གསང་མ་བྱེད་ཅིག་བྱས་པ་དང་། ༡༥ ཡེ་རེམ་ཡཱས་ཚེ་དེག་ཡཱར། ཇི་སྟེ་ངས་དེ་མངོན་པར་བྱ་ན། ཁྱེད་ཀྱིས་ངོ་ཐོག་ང་མི་གསོད་དམ། ཡང་གལ་ཏེ་ངས་ཁྱེད་ལ་བཀའ་གྲོས་འདེབས་ན། ཁྱེད་ཀྱིས་མི་གསན་བྱས་པས། ༡༦ ཚེ་དེག་ཡཱས་གསང་ནས་ཡེ་རེམ་ཡཱར་མནའ་བསྐྱལ་ཏེ། ངེད་ཀྱི་སྲོག་འདི་བཀོད་པའི་གསོན་པོའི་ཡ་ཧོ་ཝཱས་བསྣམས་ཤིག ངས་ཁྱེད་གསོད་པར་ཡང་མི་བྱ། ཁྱེད་ཀྱི་སྲོག་ལ་སྡང་བའི་མི་འདི་རྣམས་ཀྱི་ལག་ཏུའང་མི་གཏད་དོ་བྱས་པས། ༡༧ ཡེ་རེམ་ཡཱས་ཚེ་དེག་ཡཱར་འདི་སྐད་དུ། ཡ་ཧོ་ཝཱ་དཔུང་ཆེན་རྣམས་ཀྱི་དཀོན་མཆོག་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཇི་སྟེ་ཁྱོད་ངོ་ཐོག་བཱ་བེལ་རྒྱལ་པོའི་སྐུ་དྲག་གི་རྩར་ཕེབས་ན། ཁྱེད་ཀྱི་སྲོག་ཐར་ཞིང་། རྒྱལ་ས་འདི་མེས་ཀྱང་མི་བསྲེག་པར། ཁྱེད་དང་ཁྱེད་ཀྱི་ཕ་སྤད་གསོན་པོར་ལུས་པར་འགྱུར། ༡༨ གལ་ཏེ་ཁྱེད་བཱ་བེལ་རྒྱལ་པོའི་སྐུ་དྲག་གི་རྩར་མི་འགྲོ་ན། རྒྱལ་ས་འདི་ཀལ་དཱི་པ་རྣམས་ཀྱི་ལག་ཏུ་གཏད་ཅིང་། དེ་དག་གིས་དེ་མེས་བསྲེགས་ཏེ། དེ་དག་གི་ལག་པ་ལས་ཁྱེད་ཐར་བར་མི་འགྱུར་རོ་བྱས་ནས། ༡༩ རྒྱལ་པོ་ཚེ་དེག་ཡཱས་ཡེ་རེམ་ཡཱ་ལ། ང་ཀལ་དཱི་པ་དང་བཤིབས་པའི་ཡ་ཧུ་དཱ་པ་རྣམས་ལ་འཇིགས་སོ། གང་ལ་ཞེ་ན། འདི་དག་གིས་ང་དེ་དག་གི་ལག་པར་བཏད་ནས། དེ་དག་གིས་ང་ལ་འཕྱ་བར་འགྱུར་རོ་ཟེར་བ་དང་། ༢༠ ཡེ་རེམ་ཡཱས། འདི་དག་གིས་ཁྱེད་མི་གཏད་དོ། ངས་ཁྱེད་ལ་སྐུལ་བའི་ཡ་ཧོ་ཝཱའི་གསུང་ལ་གསན་རོགས་མཛོད་ཅེས་ཞུ་འབུལ་བྱེད། དེ་ནས་ཁྱེད་བདེ་ཞིང་། ཁྱེད་འཚོ་བར་འགྱུར་རོ། ༢༡ ཇི་སྟེ་ཁྱེད་ཀྱིས་ཕར་མི་འགྲོ་གསུང་ན། ཡ་ཧོ་ཝཱས་ང་ལ་མངོན་པར་མཛད་པའི་བཀའ་ནི་འདི་ཡིན། ༢༢ གཟིགས། ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་ནང་ལུས་ཡོད་པའི་བུད་མེད་ཐམས་ཅད་ནི་བཱ་བེལ་རྒྱལ་པོའི་སྐུ་དྲག་ཚོའི་མདུན་དུ་སྐྱེལ་བར་འགྱུར། དེ་ནས་བུད་མེད་དེ་དག་གིས། རང་གི་མཆེད་གྲོགས་རྣམས་ཀྱིས་ཁྱེད་བསླུས་ཏེ། དེ་དག་ཁྱེད་ལ་བློ་བར་གྱུར་ཏེ། ད་འདམ་རྫབ་ཀྱི་ནང་ན་ཁྱེད་ཀྱི་རྐང་པ་ནུབ་པས། དེ་དག་རྒྱབ་ལོག་ནས་སོང་ངོ་། ཞེས་བརྗོད་པར་འགྱུར། ༢༣ དེ་ལྟར་ཁྱེད་ཀྱི་ལྕམ་ཐམས་ཅད་དང་། སྲས་བུ་རྣམས་ཀལ་དཱི་པའི་རྩར་སྐྱེལ་ཏེ། དེ་དག་གི་ལག་པ་ལས་ཁྱེད་མི་ཐར་གྱིས། བཱ་བེལ་རྒྱལ་པོའི་ལག་པས་འཛིན་པར་འགྱུར་ཏེ། ཁྱེད་ཀྱིས་རྐྱེན་ཏེ་གྲོང་ཁྱེར་འདི་མེས་སྲེག་པར་འགྱུར་རོ། ཞེས་གསུངས་པས།
༢༤ ཚེ་དེག་ཡཱས་ཡེ་རེམ་ཡཱར། ཚིག་འདི་རྣམས་སུ་ལའང་ཤེས་མ་ཆུག་ཅིག དེ་ནས་ཁྱེད་མི་འཆིའོ། ༢༥ འོན་ཀྱང་གལ་ཏེ་ངས་ཁྱེད་དང་གཏམ་བྱས་པ་དེ་སྐུ་དྲག་ཚོས་ཐོས་ནས། ཁྱེད་རྩར་འོངས་ནས། ཁྱེད་ཀྱིས་རྒྱལ་པོར་ཅི་དང་ཅི་བཤད་པ་དང་། རྒྱལ་པོས་ཁྱེད་ལ་གང་ཟེར་བ་དེའང་ངེད་ལ་འཆད་ཅིང་། གསང་བར་མ་བྱེད་ཅིག་དང་། ངེད་ཀྱིས་ཁྱེད་མི་གསད་དོ་ཟེར་ན། ༢༦ དེ་ནས་ཁྱེད་ཀྱིས་དེ་དག་ལ། ང་ཡོ་ན་ཐན་གྱི་ཁྱིམ་དུ་འཆི་རུ་ཡང་སྐྱར་མི་འཇུག་པའི་དོན་དུ་རྒྱལ་པོ་ལ་ཞུ་འབུལ་བྱས་པ་ཡིན། ཞེས་ལན་ཐོབ་ཅིག་བསྐུལ་ཏོ༎
༢༧ དེ་ནས་ཡེ་རེམ་ཡཱ་གང་ན་བར་སྐུ་དྲག་ཐམས་ཅད་འོངས་ནས་ཁོང་ལ་དྲིས་པ་དང་། ཁོང་གིས་རྒྱལ་པོས་བཀའ་བཀོད་པའི་ཚིག་ཐམས་ཅད་དང་བསྟུན་ནས་ལན་བཏབ་པས། དེ་དག་གིས་ཁོང་དང་གླེང་འཕྲོ་བཅད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གཏམ་དེའི་རྒྱུས་མེད་པ་ཡིན། ༢༨ དེ་ལྟར་ཡེ་རུ་ཤ་ལེམ་འཛིན་པར་མ་འགྱུར་བའི་བར་དུ་ཡེ་རེམ་ཡཱ་བྱ་ར་བའི་ཚོམས་ཀྱི་ནང་དུ་བཞུགས་སོ༎