༣༧
ཡང་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ཡོ་ཤི་ཡཱའི་སྲས་ཚེ་དེག་ཡཱ་བྱ་བ་ཡོ་ཡཱ་ཀིམ་གྱི་བུ་ཀོན་ཡཱའི་མལ་དུ་ཡ་ཧུ་དཱ་ཡུལ་གྱི་རྒྱལ་པོ་བཅུག་ནས། དེས་སྲིད་བསྐྱངས་སོ།  འོན་ཀྱང་དེ་རང་ངམ། དེའི་འཁོར་གཡོག་གམ། ཡུལ་གྱི་མི་སྡེས་ཡ་ཧོ་ཝཱས་ལུང་སྟོན་པ་ཡེ་རེམ་ཡཱའི་ངག་གི་ངང་ནས་གསུངས་པའི་བཀའ་ལུང་ལ་མ་ཉན་ཏོ༎
 ཡང་རྒྱལ་པོ་ཚེ་དེག་ཡཱས་ཤེ་ལེམ་ཡཱའི་བུ་ཡུ་ཀལ་དང་། མ་ཨ་སེ་ཡཱའི་བུ་བླ་མ་ཟེ་ཕན་ཡཱ་གཉིས་ལུང་སྟོན་པ་ཡེ་རེམ་ཡཱའི་དྲུང་དུ་བཏང་ནས། ད་ངེད་ཅག་གི་དོན་དུ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་ལ་གསོལ་བ་ཐོབ་ཅིག ཅེས་ཕྲིན་བསྐུར་ཏོ།  ཡེ་རེམ་ཡཱ་ད་དུང་བཙོན་དུ་མ་བཅུག་སྟེ། མི་སྡེའི་ནང་དུ་འགྲོ་འོང་མཛད་པ་ཡིན།  ཡང་ཕར་ཨོའི་དམག་དཔུང་མི་སེར་ཡུལ་གྱི་ནང་ནས་ཚུར་ཐོན་ཏེ། ཡེ་རུ་ཤ་ལེམ་ལ་དམག་གིས་བསྐོར་ནས་ཡོད་པའི་ཀལ་དཱི་པ་རྣམས་ཀྱིས་དེ་དག་གི་ལོ་ཐོས་པ་ཙམ་གྱིས། དེ་དག་ཡེ་རུ་ཤ་ལེམ་ནས་ཕར་སོང་ངོ་༎
 དེ་ནས་ལུང་སྟོན་པ་ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱའི་བཀའ་བྱོན་ནས་འདི་སྐད་གསུང་།  ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ད་ཁྱོད་ཅག་ངའི་དྲུང་དུ་བརྟག་པ་ཞུ་བར་བཏང་བའི་ཡ་ཧུ་དཱའི་རྒྱལ་པོ་ལ་འདི་སྐད་སྦྲོན་ཞིག ཀྱེ་ཧོ། ཁྱོད་ཚོའི་རོགས་རམ་ལ་ཐོན་པའི་ཕར་ཨོའི་དམག་དཔུང་ནི་རང་གི་ཡུལ་མི་སེར་དུ་ཕྱིར་ལོག་འགྲོ་བར་འགྱུར་ཏེ།  ཀལ་དཱི་པ་རྣམས་ཡང་སྐྱར་འོངས་ནས། རྒྱལ་ས་འདི་ལ་འཐབ་ཅིང་འཛིན་ཏེ། མེས་སྲེག་པར་འགྱུར།  ཡ་ཧོ་ཝཱས་འདི་སྐད་དུ། ཀལ་དཱི་པ་རྣམས་ཅི་ནས་ཀྱང་ངེད་ལས་འཐོན་པར་འགྱུར་རོ་ཟེར་ཞིང་རང་མགོ་བསླུ་བར་མ་བྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། དེ་དག་འཐོན་པར་མི་འགྱུར་རོ། ༡༠ གལ་ཏེ་ཁྱོད་ཚོ་ལ་འཁྲབ་པའི་ཀལ་དཱི་པའི་དམག་དཔུང་ཐམས་ཅད་བསད་ནའང་། ཡང་དེ་དག་གི་ནང་ནས་སྣད་པ་འབའ་ཞིག་ལུས་རུང་། དེ་དག་རེ་རང་གི་གུར་ནང་ལང་ཞིང་། རྒྱལ་ས་འདི་མེས་སྲེག་པར་འགྱུར་རོ། ཞེས་གསུང་ངོ་༎
༡༡ ཡང་དེ་ནས་ཀལ་དཱི་པའི་དམག་ཚོགས་དེ་ཕར་ཨོའི་དམག་དཔུང་ལ་འཇིགས་ནས། ཡེ་རུ་ཤ་ལེམ་གྱི་མདུན་ནས་ཐེགས་པར་གྱུར་པ་དང་། ༡༢ ཡེ་རེམ་ཡཱས་མི་སྡེའི་ནང་ནས་རང་གི་ཐོབ་ཐང་ལེན་དུ་བེན་ཡ་མིན་ཡུལ་དུ་འགྲོ་བ་ལ་ཡེ་རུ་ཤ་ལེམ་ནས་ཐོན་ཏེ། ༡༣ བེན་ཡ་མིན་གྱི་རྒྱ་སྒོ་བསླེབས་པའི་ཚེ། ཤེ་ལེམ་ཡཱའི་བུའམ། ཧ་ནན་ཡཱའི་ཚ་བོ་ཡི་རི་ཡཱ་བྱ་བ། བྱ་ར་བའི་འགོ་བྱེད་ཅིག་དེར་ཡོད་དེ། དེས་ཁྱོད་ཀལ་དཱི་པ་རྣམས་ཀྱི་ཕྱོགས་སུ་འབྲོས་མཁན་ཡིན་ཟེར་ནས། ལུང་སྟོན་པ་ཡེ་རེམ་ཡཱ་བཟུང་བ་དང་། ༡༤ ཡེ་རེམ་ཡཱས་དེ་ནི་མི་བདེན། ང་ཀལ་དཱི་པའི་ཕྱོགས་སུ་འབྲོས་མཁན་མིན་བྱས་ཀྱང་། དེས་ཁོང་ལ་མ་ཉན་པར། ཡི་རི་ཡཱས་ཡེ་རེམ་ཡཱ་བཟུང་ནས་སྐུ་དྲག་རྣམས་ཀྱི་རྩར་ཁྱེར་ཏོ། ༡༥ དེའང་སྐུ་དྲག་རྣམས་ཡེ་རེམ་ཡཱར་ཁྲོས་ནས་བརྡུངས་ཏེ། དྲུང་ཡིག་ཡོ་ན་ཐན་གྱི་ཁྱིམ་དུ་བཙོན་དུ་བཅུག་གོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཁང་པ་དེ་བཙོན་ར་བྱས་ནས་ཡོད་པ་ཡིན། ༡༦ ཡེ་རེམ་ཡཱ་བཙོན་དོང་གི་ཆག་བར་རྣམས་ཀྱི་ནང་དུ་བཅུག་པའི་དུས་ནས། ཉིན་ཞག་མང་པོའི་བར་དུ་ཡེ་རེམ་ཡཱ་དེར་ལུས་སོ། ༡༧ དེ་ནས་རྒྱལ་པོ་ཚེ་དེག་ཡཱས་མི་བཏང་ནས་བཏོན་ཏེ། རྒྱལ་པོས་ཕོ་བྲང་གི་ནང་དུ་ལྐོག་ཏུ་དེ་ལ། ཡ་ཧོ་ཝཱའི་བཀའ་ཞིག་ཡོད་དམ། ཞེས་དྲིས་པ་དང་། ཡེ་རེམ་ཡཱས་ཡོད་དོ་ཞེས་སྨྲས་ནས། ཡང་ཁྱོད་བཱ་བེལ་རྒྱལ་པོའི་ལག་པར་གཏོད་པར་འགྱུར་རོ་བྱས་པ་ཡིན།
༡༨ དེས་མ་ཟད་ཡེ་རེམ་ཡཱས་རྒྱལ་པོ་ཚེ་དེག་ཡཱ་ལ། ཁྱེད་ཅག་གིས་ང་བཙོན་ལ་བཏང་བ་ནི། ངས་ཁྱེད་རང་ངམ། ཁྱེད་ཀྱི་འཁོར་གཡོག་གམ། མི་སྡེ་འདི་ལ་ཉེས་པ་ཅི་བྱས་པ་ཡིན། ༡༩ བཱ་བེལ་རྒྱལ་པོ་ཁྱེད་ཅག་དང་རྒྱལ་ས་འདིའི་ཐད་དུ་འོང་བར་མི་འགྱུར་རོ་ཞེས་སྨྲ་ཞིང་། ཁྱེད་ཚོར་ལུང་བསྟན་མཁན་གྱི་ཁྱོད་ཀྱི་ལུང་སྟོན་པ་རྣམས་ད་ག་རུ་ཡོད། ༢༠ ད་ངའི་ཇོ་བོ་རྒྱལ་པོ། བདག་ལ་གསན་དང་། ཁྱེད་ཀྱིས་བདག་སླར་ཡིག་མཁན་ཡོ་ན་ཐན་གྱི་ཁང་པར་ཕྱིར་ལོག་མི་གནང་དུ། ངའི་ཞུ་བ་འདི་ཁྱེད་ཀྱི་ཞལ་ངོར་བསྐང་དུ་གསོལ། དེ་མིན་བདག་དེར་འཆི་བར་འགྱུར། ཞེས་བགྱིས་སོ། ༢༡ དེ་ནས་རྒྱལ་པོ་ཚེ་དེག་ཡཱས་ཡེ་རེམ་ཡཱ་བྱ་ར་བའི་ཚོམས་ནང་འཇུགས་པ་དང་། གྲོང་ཁྱེར་གྱི་ཁ་ཟས་ཐམས་ཅད་མ་ཟད་པའི་བར་དུ་བག་ལེབ་ཚོང་པའི་ལམ་སྲང་ལས་ཉིན་རེ་བཞིན་བག་ལེབ་རེ་ཁྱེར་ནས། ཁོང་ལ་འབུལ་དགོས་ཞེས་བཀའ་གནང་ངོ་། དེ་ལྟར་ཡེ་རེམ་ཡཱ་བྱ་ར་བའི་ཚོམས་ཀྱི་ནང་དུ་ལུས་སོ༎