༣༦
ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་སྲས་ཡོ་ཡཱ་ཀིམ་གྱི་ལོ་བཞི་པར་ཡ་ཧོ་ཝཱའི་གསུང་ཡེ་རེམ་ཡཱར་བྱུང་ནས་འདི་སྐད་དུ།  གླེགས་བམ་གྱི་ཤོག་སྒྲིལ་ཞིག་བླངས་ཏེ། དེའི་ནང་དུ་ཨིས་ར་ཨེལ་དང་ཡ་ཧུ་དཱ་དང་མི་བརྒྱུད་ཐམས་ཅད་ཀྱི་ཆེད་དུ། ངས་ཁྱོད་ལ་གླེང་དུ་གཟས་པའམ། ཡོ་ཤི་ཡཱའི་དུས་ནས་དེ་རིང་གི་བར་དུ་བསྒོ་བའི་བཀའ་ལུང་ཐམས་ཅད་བྲིས་ཤིག  དེ་དག་གི་མི་དགེ་བ་དང་སྡིག་པ་ངས་སེལ་བ་ལ་རེ་རང་གི་ལམ་ངན་པ་ལས་ལོག་པའི་ཕྱིར། ཡ་ཧུ་དཱའི་མི་བརྒྱུད་ཀྱི་དོན་དུ་དམིགས་པའི་རྐྱེན་ངན་དེ་ཚང་མ། དེ་དག་གིས་ཐོས་ལས་ཆེ་གསུང་ངོ་༎
 དེ་ནས་ཡེ་རེམ་ཡཱས་ནེར་ཡཱའི་བུ་བ་རུག་ལ་བོས་པ་དང་། བ་རུག་གིས་ཡེ་རེམ་ཡཱའི་ཞལ་ནས་ཡ་ཧོ་ཝཱས་གསུངས་པའི་བཀའ་མཆིད་ཐམས་ཅད་ཤོག་སྒྲིལ་ཞིག་གི་ནང་དུ་ཡི་གེར་བཀོད་ཟིན་པ་དང་།  ཡེ་རེམ་ཡཱས་བ་རུག་ལ་བཀའ་བཀོད་མཛད་ནས་དེ་ལ། བདག་ལ་གེགས་ཤིག་ཡོད་སྟབས་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་དུ་འགྲོ་མི་ཐུབ།  དེའི་ཕྱིར་ཁྱོད་སོང་ལ། ཁྱོད་ཀྱིས་ངའི་ཁ་ལས་ཡ་ཧོ་ཝཱའི་བཀའ་མཆིད་ཡི་གེར་བྲིས་ཡོད་པའི་ཤོག་སྒྲིལ་དེ། སྨྱུང་གནས་ཀྱི་ཞག་ལ་ཡ་ཧོ་ཝཱའི་ཕོ་བྲང་དུ་མི་སྡེའི་རྣ་བར་སྒྲོག་ཅིང་། རེ་རང་གི་གྲོང་ཁྱེར་ལས་འོངས་པའི་ཡ་ཧུ་དཱ་པ་ཐམས་ཅད་ཀྱི་རྣ་བར་ཡང་དེ་སྒྲོག་པར་བྱོས་ཤིག་དང་།  ཡ་ཧོ་ཝཱའི་ཞལ་ངོར་དེ་དག་གིས་ཞུ་བ་གསོལ་ཞིང་། ཐམས་ཅད་རེ་རང་གི་ལམ་ངན་པ་ལས་ལོག་ལས་ཆེ། གང་ལ་ཞེ་ན། ཡ་ཧོ་ཝཱས་མི་སྡེ་འདི་ལ་གསུངས་ཟིན་པའི་ཐུགས་ཁྲོ་དང་ཁྲོ་གཏུམ་ནི་ཆེ་ཐག་ཆོད་ཡིན་པའི་ཕྱིར་རོ། ཞེས་བསྒོའོ།  ཡང་ནེར་ཡཱའི་བུ་བ་རུག་གིས་ལུང་སྟོན་པ་ཡེ་རེམ་ཡཱས་ཅི་དང་ཅི་གསུངས་པའི་བཀའ་བཞིན་དུ་བྱས་ནས། ཡ་ཧོ་ཝཱའི་ཕོ་བྲང་དུ་ཡ་ཧོ་ཝཱའི་བཀའ་ལུང་རྣམས་མདོ་དེ་ལས་བསྒྲགས་སོ༎
 དེ་ནས་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་སྲས་ཡོ་ཡཱ་ཀིམ་གྱི་ལོ་ལྔ་པའི་ཟླ་བ་དགུ་པའི་ནང་དུ་འདི་ལྟར་བྱུང་། ཡེ་རུ་ཤ་ལེམ་གྱི་ཡུལ་མི་ཐམས་ཅད་དང་། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ལས་ཡེ་རུ་ཤ་ལེམ་དུ་འོངས་པའི་མི་ཐམས་ཅད་ཡ་ཧོ་ཝཱའི་སྤྱན་སྔར་སྨྱུང་དུ་བཀར་བཏགས་པ་དང་། ༡༠ བ་རུག་གིས་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་གོང་མའི་ཁྱམས་སུ། ཡ་ཧོ་ཝཱའི་ཕོ་བྲང་གི་སང་སྒོ་གསར་པའི་སྒོ་ཁང་དུ། དྲུང་ཡིག་ཤཱ་ཕན་གྱི་བུ་གེ་མར་ཡཱའི་ཤག་ནང་། མདོ་དེ་ལས་ཡེ་རེམ་ཡཱའི་བཀའ་དེ་མི་སྡེ་ཡོངས་ཀྱི་རྣ་བར་བསྒྲགས་པར་བྱས་སོ། ༡༡ ཡང་ཤཱ་ཕན་གྱི་ཚ་བོའམ། གེ་མར་ཡཱའི་བུ་མི་ཀ་ཡཱས་ཡ་ཧོ་ཝཱའི་བཀའ་མཆིད་ཚང་མ་མདོ་དེ་ལས་ཐོས་པར་གྱུར་པའི་ཚེ། ༡༢ ཁོ་རྒྱལ་ཁབ་ཏུ་དྲུང་ཡིག་གི་ཤག་ནང་འབབ་སོང་བ་ལས། ལྟོས་ཤིག དེ་ནས་སྐུ་དྲག་ཐམས་ཅད་དམ། དྲུང་ཡིག་ཨེ་ལི་ཤ་མཱ་དང་། ཤེ་མ་ཡཱའི་བུ་དེ་ལ་ཡཱ་དང་། ཨག་པོར་གྱི་བུ་ཨེལ་ནཱ་ཐན་དང་། ཤཱ་ཕན་གྱི་བུ་གེ་མར་ཡཱ་དང་། ཧ་ནན་ཡཱའི་བུ་ཚེ་དེག་ཡཱ་དང་། སྐུ་དྲག་ཐམས་ཅད་བསྡད་ཡོད་པ་ཡིན། ༡༣ དེ་ནས་བ་རུག་གིས་མི་སྡེའི་རྣ་བར་མདོ་དེ་ལས་བསྒྲགས་དུས། མི་ཀ་ཡཱས་ཐོས་པའི་བཀའ་མཆིད་དེ་དག་ལ་བཤད་པས།
༡༤ སྐུ་དྲག་ཐམས་ཅད་ཀྱིས་ཀུ་ཤིའི་ཡང་ཚ་ཤེ་ལེམ་ཡཱའི་ཚ་བོའམ་ནེ་ཐན་ཡཱའི་བུ་ཡེ་ཧུ་དཱི་བྱ་བ་བ་རུག་གང་ན་བར་བཏང་སྟེ། ཁྱོད་ཀྱིས་མི་སྡེའི་རྣ་བར་བསྒྲགས་པའི་ཤོག་སྒྲིལ་དེ་ལག་ཏུ་ཐོགས་ནས་འདིར་ཤོག་བྱས་ཏེ་ཕྲིན་བསྐུར་པ་དང་། ནེར་ཡཱའི་བུ་བ་རུག་གིས་ཤོག་སྒྲིལ་དེ་ལག་ཏུ་ཐོགས་ནས་དེ་དག་གི་རྩར་འོངས་པ་དང་། ༡༥ དེ་དག་གིས་དེ་ལ། ད་བཞུགས་ཤིང་། ངེད་ཅག་གི་རྣ་བར་དེ་སྒྲོག་ཅིག་བྱས་པས། བ་རུག་གིས་དེ་དག་གི་རྣ་བར་བསྒྲགས་སོ། ༡༦ དེ་ནས་ཅི་བྱུང་ཞེ་ན། དེ་དག་གིས་བཀའ་མཆིད་ཐོས་པ་ཙམ་གྱིས་འདྲོགས་ཏེ། གཅིག་གིས་གཅིག་ལ་བལྟས་ཏེ་བ་རུག་ལ། ངེད་ཀྱིས་འདི་ཐམས་ཅད་རྒྱལ་པོར་ཞུ་ངེས་ཡིན་ཟེར་ནས། ༡༧ བ་རུག་ལ་དྲིས་ཏེ། ད་ཁྱོད་ཀྱིས་བཀའ་མཆིད་འདི་ཐམས་ཅད་ཁོང་གི་ཞལ་ལས་ཇི་ལྟར་ཡི་གེར་བཀོད་པ་དེ་ངེད་ལ་ཤོད་ཅིག་བྱས་པ་དང་། ༡༨ བ་རུག་གིས་དེ་དག་ལ་ལན་དུ། ཁོང་གིས་གསུང་འདི་ཀུན་ང་ལ་ཁོང་ཉིད་ཀྱི་ཞལ་ལས་གསུང་བ་ལས། ངས་སྣག་ཚས་གླེགས་བམ་ནང་བྲིས་པ་ཡིན་ཞེས་སྨྲས་པ་དང་། ༡༩ སྐུ་དྲག་རྣམས་ཀྱིས་བ་རུག་ལ། ད་བཞུད་ལ། ཁྱེད་དང་ཡེ་རེམ་ཡཱ་ཡིབ་སྟེ། ཁྱེད་གཉིས་པོ་ག་ན་ཡོད་པ་མི་གཅིག་གིས་ཀྱང་ཤེས་པར་མི་རུང་ངོ་ཞེས་བསྐུལ་ཏོ། ༢༠ དེ་ནས་དེ་དག་གིས་ཤོག་སྒྲིལ་དེ་དྲུང་ཡིག་ཨེ་ལི་ཤ་མཱའི་ཤག་ནང་བཞག་སྟེ། རྒྱལ་པོའི་དྲུང་དུ་ཚོམས་ནང་ཕྱིན་ཏེ། བཀའ་མཆིད་དེ་ཐམས་ཅད་རྒྱལ་པོའི་རྣ་བར་ཞུས་པ་ཙམ་གྱིས།
༢༡ རྒྱལ་པོས་ཤོག་སྒྲིལ་དེ་ལེན་དུ་ཡེ་ཧུ་དཱི་བཏང་ནས། དེས་དྲུང་ཡིག་ཨེ་ལི་ཤ་མཱའི་ཤག་གི་ནང་ནས་དེ་བླངས་ཏེ། ཡེ་ཧུ་དཱི་ཡིས་རྒྱལ་པོའི་རྣ་བ་དང་། རྒྱལ་པོའི་འགྲམ་དུ་ལངས་ནས་བསྡད་ཡོད་པའི་སྐུ་དྲག་ཀུན་གྱི་རྣ་བར་དེ་བསྒྲགས་སོ། ༢༢ དེའང་ཟླ་བ་དགུ་པ་ཡིན་པས། རྒྱལ་པོ་དགུན་ཁང་དུ་བཞུགས་ནས། དེའི་དྲུང་དུ་མེ་ཕོར་ནང་མེ་འབར་ཞིང་ཡོད་པ་ཡིན། ༢༣ དེ་ནས་ཅི་བྱུང་ཟེར་ན། ཡེ་ཧུ་དཱིས་ལེ་མཚམས་གསུམ་བཞི་བསྒྲགས་པ་དང་། རྒྱལ་པོས་དེ་སྨྱུག་གྲིས་བཅད་དེ། མེ་ཕོར་ནང་ཡོད་པའི་མེ་ལ་དབྱུགས་ནས། མེ་ཕོར་ནང་ཡོད་པའི་མེས་ཤོག་སྒྲིལ་ཐམས་ཅད་མ་ཚིག་པའི་བར་དུ་བསྲེགས་སོ། ༢༤ གསུང་འདི་ཐོས་ནས་ཀྱང་རྒྱལ་པོའམ་འཁོར་རྣམས་ཀྱི་ནང་ནས་སུའང་འཇིགས་པར་ཡང་མ་གྱུར། རང་གི་གོས་ཀྱང་མ་ཧྲལ་ཏོ། ༢༥ འོན་ཀྱང་ཨེལ་ནཱ་ཐན་དང་། དེ་ལ་ཡཱ་དང་། གེ་མར་ཡཱ་གསུམ་པོས་རྒྱལ་པོར་ཤོག་སྒྲིལ་དེ་མི་སྲེག་ཏུ་བཅོལ་མོད། དེས་དེ་དག་ལ་ཉན་པར་མ་འདོད་པར། ༢༦ རྒྱལ་པོས་རྒྱལ་སྲས་ཡེ་ར་མེ་ཨེལ་དང་། ཨས་རི་ཨེལ་གྱི་བུ་སེ་ར་ཡཱ་དང་། ཨབ་དེ་ཨེལ་གྱི་བུ་ཤེ་ལེམ་ཡཱ་གསུམ་ལ། དྲུང་ཡིག་བ་རུག་དང་ལུང་སྟོན་པ་ཡེ་རེམ་ཡཱ་འཛིན་དུ་བསྒོ་ཡང་། ཡ་ཧོ་ཝཱས་དེ་གཉིས་པོ་སྦས་ནས་བཞག་གོ།
༢༧ དེ་ནས་ཡེ་རེམ་ཡཱའི་ཞལ་ལས་གསུང་བ་ལྟར་བ་རུག་གིས་ཡི་གེར་བཀོད་པའི་བཀའ་མཆིད་ཀྱི་ཤོག་སྒྲིལ་དེ་རྒྱལ་པོས་མེར་བསྲེགས་པའི་འོག་ཏུ། ཡེ་རེམ་ཡཱར་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༢༨ སླར་ཡང་ཁྱོད་ཀྱིས་ཤོག་སྒྲིལ་ཞིག་བླངས་ཏེ། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་གྱིས་བསྲེགས་པའི་སྔ་མའི་ཤོག་སྒྲིལ་གྱི་ནང་ན་མཆིས་པའི་སྔོན་གྱི་བཀའ་མཆིད་ཐམས་ཅད་དེའི་ནང་དུ་བྲིས་ཤིག ༢༩ ཡང་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་གྱི་སྐོར་དུ་སྨྲོས་ཤིག ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཀྱིས་ཤོག་སྒྲིལ་དེ་བསྲེགས་ནས། བཱ་བེལ་རྒྱལ་པོ་ངེས་པར་དུ་འོངས་ཏེ། ཡུལ་འདི་བཤིག་ནས། མི་དང་དུད་འགྲོ་ཅིའང་ལུས་སུ་མི་གཞུག་གོ། ཞེས་ཁྱོད་ཀྱིས་དེའི་ནང་ན་ཅི་ལ་བྲིས་པ་ཡིན་ཟེར་བས་ན།
༣༠ ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་གྱི་སྐོར་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། དཱ་བིད་ཀྱི་རྒྱལ་ཁྲིར་སྡོད་དུ་དེ་ལ་སུའང་མ་ལུས་པར། དེའི་རོ་ཉིན་མོར་ཚད་པ་དང་། མཚན་མོར་ཁྱགས་པ་ལ་དབྱུག་པར་འགྱུར། ༣༡ ཡང་ངས་དེ་རང་དང་། དེའི་བུ་བརྒྱུད་དང་། དེའི་འཁོར་གཡོག་དང་བཅས་པར། དེ་དག་གི་མི་དགེ་བའི་ཕྱིར་ཆད་པས་བཅད་ཅིང་། དེ་དག་དང་ཡེ་རུ་ཤ་ལེམ་པ་དང་། ཡ་ཧུ་དཱའི་མི་རྣམས་ཀྱི་ཐོག་ཏུ། ངས་དེ་ཚོར་སྨྲས་ཀྱང་དེ་དག་གིས་མ་ཉན་པས། ད་རྐྱེན་ངན་དེ་ཐམས་ཅད་འབེབས་པར་བྱའོ༎
༣༢ དེ་ནས་ཡེ་རེམ་ཡཱས་ཤོག་སྒྲིལ་གཞན་ཞིག་བླངས་ནས། ནེར་ཡཱའི་བུ་དྲུང་ཡིག་བ་རུག་ལ་སྤྲད་ནས། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་གྱིས་མེར་བསྲེགས་པའི་མདོའི་གསུང་ཚང་མ་ཡེ་རེམ་ཡཱའི་ཞལ་ལས་ཁོས་དེའི་ནང་དུ་བྲིས་སོ། དེས་མ་ཟད་དེ་དང་མཚུངས་པའི་བཀའ་ལུང་མང་པོ་ཡང་དེ་དག་གི་ནང་དུ་བསྣན་པ་ཡིན་ནོ༎