༣༥
ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་སྲས་ཡོ་ཡཱ་ཀིམ་བྱ་བའི་ཡ་ཧུ་དཱའི་རྒྱལ་པོའི་རིང་དུ་ཡེ་རེམ་ཡཱར་ཡ་ཧོ་ཝཱ་ལས་བྱུང་བའི་བཀའ་མཆིད་ནི་འདི་ལྟ་སྟེ།  ཁྱོད་རེ་ཁབ་པའི་མི་བརྒྱུད་ཀྱི་རྩར་སོང་ནས། དེ་དག་ལ་གཏམ་བྱེད་ཅིང་། ཡ་ཧོ་ཝཱའི་ཕོ་བྲང་གི་ནང་མིག་རྣམས་ལས་གཅིག་གི་ནང་དུ་ཁྱེར་ནས། དེ་དག་ལ་རྒུན་ཆང་སྟེར་བར་བྱོས་ཤིག་ཅེས་བསྒོ་བ་དང་།  ངས་ཧ་བ་ཟིན་ཡཱའི་ཚ་བོའམ། ཡེ་རེམ་ཡཱའི་བུ་ཡ་ཨ་ཟན་ཡཱ་དང་། དེའི་སྤུན་རྣམས་དང་། བུ་ཐམས་ཅད་དང་། རེ་ཁབ་པའི་མི་བརྒྱུད་ཚང་མ་ཁྲིད་ནས།  ཡ་ཧོ་ཝཱའི་ཕོ་བྲང་དུ་སྐུ་དྲག་གི་ནང་མིག་གི་འགྲམ་དུ་ཤལ་ལུམ་གྱི་བུ་མ་ཨ་སེ་ཡཱ་བྱ་བའི་སྒོ་སྲུང་པའི་ཤག་གི་སྟེང་དུ་ཡོད་པའི། དཀོན་མཆོག་གི་སྐྱེས་བུ་ཨིག་དལ་ཡཱའི་བུ་ཧ་ནན་གྱི་བུ་རྣམས་ཀྱི་ཤག་གི་ནང་དུ་དྲངས་ཏེ།  རེ་ཁབ་པའི་མི་བརྒྱུད་ཀྱི་བུ་རྣམས་ཀྱི་མདུན་དུ་རྒུན་ཆང་གིས་གང་བའི་བུམ་པ་དང་ཕོར་པ་རྣམས་བཞག་ནས། རྒུན་ཆང་མཆོད་ཅིག་ཟེར་ན་ཡང་།  དེ་དག་གིས་ལན་དུ། ངེད་ཀྱིས་རྒུན་ཆང་མི་འཐུང་། དེ་ཅིའི་ཕྱིར་ཞེ་ན། ངེད་ཀྱི་མེས་པོ་རེ་ཁབ་ཀྱི་བུའམ། ངེད་ཀྱི་ཕ་ཡོ་ན་དབ་ཀྱིས་ངེད་ལ་བཀའ་བཀོད་མཛད་ཅིང་། ཁྱོད་ཅག་དང་། ཁྱོད་ཅག་གི་བུ་རྣམས་ཀྱིས་ནམ་དུའང་རྒུན་ཆང་མ་འཐུང་ཞིག  ཁྱིམ་ཡང་མ་རྩིག ཞིང་ཡང་མ་རྨོ། རྒུན་ཚལ་ཡང་མི་འཛུགས་པར་བདག་གིར་ཡང་མ་བྱེད་ཅིག འོན་ཀྱང་གང་ཡུལ་ཁམས་ཀྱི་ནང་ན་ཁྱོད་ཅག་བྱེས་པ་ལྟར་གནས་པའི་ཡུལ་དེའི་ནང་ན་ཡུན་རིང་གསོན་པའི་ཕྱིར། མི་ཚེ་ཐོག་ཐག་གུར་གྱི་ནང་ན་སྡོད་པར་བྱོས་ཤིག་ཟེར་བ་ལྟར།  ངེད་ཅག་དང་། ངེད་ཀྱི་ཆུང་མ་དང་། བུ་དང་བུ་མོ་རྣམས་དང་བཅས་པས་མི་ཚེ་ཐོག་ཐག་ཏུ་རྒུན་ཆང་མི་འཐུང་བ་དང་། གནས་པའི་ཕྱིར་ཁྱིམ་ཡང་ང་མི་རྩིག་པ་ལ་རག་ལས་ཤིང་ངེད་ཅག་གི་མེས་པོ་རེ་ཁབ་ཀྱི་བུའམ། ངེད་ཀྱི་ཕ་ཡོ་ན་དབ་ཀྱིས་གདམས་པའི་བཀའ་ལ་ངེད་ཀྱིས་རྣམ་པ་ཀུན་ཏུ་ཉན་པས།  ངེད་ལ་རྒུན་ཚལ་ཡང་མེད། ཞིང་ཡང་མེད། ས་བོན་ཡང་མེད་པར། ༡༠ གུར་གྱི་ནང་ན་གནས་ཤིང་། བཀའ་ལ་ཉན་ཏེ། ངེད་ཀྱི་ཕ་ཡོ་ན་དབ་ཀྱིས་བཀའ་བཀོད་ཀུན་དང་བསྟུན་ཞིང་སྤྱད་པ་ཡིན། ༡༡ འོན་ཀྱང་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ཡུལ་འདིར་དམག་དྲངས་པའི་ཚེ་ན། ངེད་རང་གིས་ཤོག་ལ། ཀལ་དཱི་པ་རྣམས་དང་ཨ་རམ་པའི་དམག་ཚོགས་གཉིས་ཀྱི་འཇིགས་པ་ལས་ཐར་དུ་ཡེ་རུ་ཤ་ལེམ་དུ་འགྲོ་བར་བྱའོ་ཟེར་པ་ཡིན། དེ་ལྟར་ངེད་ཅག་ཡེ་རུ་ཤ་ལེམ་ནང་གནས་པ་ཡིན། ཞེས་ཞུས་སོ༎
༡༢ དེ་ནས་ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱའི་བཀའ་བྱོན་ནས་འདི་སྐད་གསུང་། ༡༣ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། སོང་ལ། ཡ་ཧུ་དཱའི་མི་དང་ཡེ་རུ་ཤ་ལེམ་པ་རྣམས་ལ་འདི་སྐད་སྦྲོན་ཞིག ངའི་གསུང་ལ་ཉན་དུ་ཞལ་གདམས་བླང་བར་མི་བྱའམ། ཡ་ཧོ་ཝཱས་གསུང་། ༡༤ རེ་ཁབ་ཀྱི་བུ་ཡོ་ན་དབ་ཀྱིས་རང་གི་བུ་རྣམས་ལ་རྒུན་ཆང་མ་འཐུང་ཞིག་ཅེས་བཀའ་བཀོད་པའི་ཚིག་བཞིན་དུ་བསྒྲུབ་པར་བྱས། ཇི་ལྟར་ཞེ་ན། ཉི་མ་དེ་རིང་གི་བར་དུའང་རྒུན་ཆང་མ་འཐུང་བར། རང་གི་ཕའི་བཀའ་ལ་ཉན་ནོ། འོན་ཀྱང་སྔ་གསར་བཞེངས་ནས་ངས་ཁྱོད་ཅག་ལ་བསྒོ་རུང་། ང་ལ་ཉན་པར་མ་བྱས། ༡༥ ངས་ཉིད་ཀྱི་ཞབས་ཏོག་པ་ལུང་སྟོན་པ་ཐམས་ཅད་ཁྱོད་ཅག་གི་མདུན་དུ་སྔ་གསར་བཞེངས་ནས་བཏང་སྟེ། ད་ཁྱོད་ཀུན་རེ་རང་གི་ལམ་ངན་པ་ལས་ལོག་ཤོག རང་གི་སྤྱོད་པ་རྣམས་ལ་བཟོ་བསྐྱོར་བྱོས་ཤིག བསྙེན་བཀུར་བྱེད་དུ་ལྷ་གཞན་རྣམས་ཀྱི་རྗེས་སུ་མ་བྲངས་ཤིག་དང་། ངས་ཁྱོད་ཅག་དང་ཁྱོད་ཅག་གི་མེས་པོར་བསྟེར་བའི་ཡུལ་ཁམས་ཀྱི་ནང་ན་གནས་པར་འགྱུར་ཞེས་བསྒོ་རུང་། ཁྱོད་ཅག་གི་རྣ་བ་མ་བཏད་པར་ང་ལ་མ་ཉན་ཏོ། ༡༦ དེའང་རེ་ཁབ་ཀྱི་བུ་ཡོ་ན་དབ་ཀྱི་བུ་རྣམས་ཀྱིས་རང་གི་ཕས་བསྒོ་བའི་བཀའ་བཀོད་བཞིན་དུ་བསྒྲུབ་པར་བྱས་ཀྱང་། མི་སྡེ་འདིས་ང་ལ་ཉན་པར་མ་བྱས་སོ། ༡༧ དེ་བས་ན་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ངས་དེ་དག་ལ་གསུངས་ཀྱང་མ་ཉན། བོས་ནས་ཀྱང་ཨ་ལན་མ་བཏང་བས་ན། ཀྱེ་ཧོ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པ་ཐམས་ཅད་ཀྱི་ཐོག་ཏུ། ངས་དེ་དག་ལ་གསུངས་པའི་བར་ཆད་ཐམས་ཅད་འབེབས་པར་བྱའོ༎
༡༨ ཡང་ཡེ་རེམ་ཡཱས་རེ་ཁབ་པའི་བུ་བརྒྱུད་ལ་འདི་སྐད་དུ། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཅག་གིས་རང་གི་ཕ་ཡོ་ན་དབ་ཀྱི་བཀའི་འབངས་བྱས་ཏེ། དེའི་ཁ་ཆེམས་ཐམས་ཅད་བསྲུངས་ནས། དེས་བསྒོ་བ་ཐམས་ཅད་དང་བསྟུན་པར་བྱས་པས་ན། ༡༩ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། རེ་ཁབ་ཀྱི་བུ་ཡོ་ན་དབ་ངའི་སྤྱན་སྔར་འགྲེང་བར་ནམ་དུའང་མི་དཀོན་འགྲོ་བར་མི་འགྱུར་རོ། ཞེས་བཤད་དོ༎