༣༤
དེའང་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་དང་། དེའི་དམག་དཔུང་ཐམས་ཅད་དང་། དེའི་མངའ་འོག་ལ་ཡོད་པའི་ས་གཞིའི་རྒྱལ་ཁག་ཐམས་ཅད་དང་། མི་བརྒྱུད་མཐའ་དག་གིས་ཡེ་རུ་ཤ་ལེམ་དང་། དེའི་གྲོང་ཁྱེར་ཚང་མ་ལ་གཡུལ་འགྱེད་པའི་ཚེ། ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱ་ལས་བྱུང་བའི་བཀའ་ནི་འདི་ལྟ་སྟེ།༢ ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། སོང་ལ། ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་དང་གཏམ་བྱེད་ཅིང་དེ་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག ངས་རྒྱལ་ས་འདི་བཱ་བེལ་རྒྱལ་པོའི་ལག་པར་བཏད་དེ། དེས་འདི་མེས་སྲེག་པར་འགྱུར། ༣ ཁྱོད་ཀྱང་དེའི་ལག་པ་ལས་མ་ཐར་བར། ངེས་པར་བཟུང་ནས། དེའི་ལག་པར་གཏད་དེ། ཁྱོད་ཀྱི་མིག་གིས་བཱ་བེལ་རྒྱལ་པོའི་མིག་མཐོང་བར་འགྱུར་ཏེ། ཁྱོད་དང་ངོ་འཛོམ་དུ་ལབ་ཅིང་། ཁྱོད་བཱ་བེལ་དུ་ཕྱིན་པར་འགྱུར། ༤ དེ་ནས་ཀྱང་ཀྱེ་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ། ཡ་ཧོ་ཝཱའི་བཀའ་ལུང་ལ་ཉོན་དང་། ཡ་ཧོ་ཝཱས་ཁྱོད་ཀྱི་སྐོར་འདི་སྐད་གསུང་། ཁྱོད་རལ་གྲིས་མི་འཆིའི། ༥ ཞི་བདེ་བར་ཚེ་འདས་ཏེ། ཁྱོད་ཀྱི་ཕ་མེས་རྒྱལ་པོ་གོང་མ་རྣམས་ལ་སྤོས་བདུག་པ་བཞིན་ཁྱོད་ལའང་བདུག་ཅིང་། ཀྱི་ཧུད་ཇོ་བོ་ཟེར་ཞིང་། ཁྱོད་ཀྱི་དོན་དུ་སྨྲེ་སྔགས་འདོན་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ངས་གསུང་འདི་གསུངས་ཟིན་པའི་ཕྱིར་རོ། ཞེས་དེ་ལ་ཤོག་ཅིག་ཡ་ཧོ་ཝཱས་གསུང་བ་དང་།
༦ ལུང་སྟོན་པ་ཡེ་རེམ་ཡཱས་བཀའ་མཆིད་འདི་ཀུན་ཡེ་རུ་ཤ་ལེམ་ནང་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་ལ། ༧ བཱ་བེལ་རྒྱལ་པོའི་དམག་དཔུང་གིས་ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱའི་གྲོང་ཁྱེར་ལུས་པ་ཐམས་ཅད་དང་། ལཱ་ཁིས་དང་། ཨ་ཟེ་ཀཱ་ལ་འཐབ་དུས་བཤད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱའི་གྲོང་ཁྱེར་ཐམས་ཅད་ཀྱི་ནང་ནས་ལྕགས་རི་དང་ལྡན་པའི་གྲོང་ཁྱེར་འདི་རྣམས་འབའ་ཞིག་ལུས་ཡོད་པ་ཡིན།
༨ དེའང་རྒྱལ་པོ་ཚེ་དེག་ཡཱས་ཡེ་རུ་ཤ་ལེམ་གྱི་མི་ཚང་མ་དང་ཆད་དོན་བྱས་ནས། སུས་ཨིབ་རི་པ་ཡིན་པའི་རང་གི་སྤུན་གྱི་གཡོག་མི་བྱེད་པའི་ཕྱིར་དུ། ༩ མི་རེ་ཡིས་རང་གི་ཨིབ་རི་པའམ་ཨིབ་རི་མ་ཡིན་པའི་སྒོ་ཡལ་དང་སྒོ་ཡལ་མོ་རྣམས་འབུད་པ་དང་། དེ་དག་སྒྲོལ་བ་བཀར་བཏགས་པའམ། ༡༠ རེ་ཡིས་རང་གི་སྒོ་ཡལ་དང་སྒོ་ཡལ་མོ་རྣམས་དེ་ཚུན་ཆད་མི་བཀོལ་བའི་ཕྱིར། དེ་དག་ཕུད་ཐོང་ཟེར་བ་ལ། ཆད་དོན་འདིའི་ནང་དུ་འདྲེས་པའི་སྐུ་དྲག་ཐམས་ཅད་དང་མི་སྡེ་བྱིངས་ཀྱིས་དེ་ཐོས་པའི་དུས་སུ་ཉན་ནས་ཕུད་བཏང་གིས། ༡༡ དེའི་རྗེས་སུ་གྱུར་ནས། ཕུད་བཏང་བའི་སྒོ་ཡལ་དང་སྒོ་ཡལ་མོ་རྣམས། སྒོ་ཡལ་དང་སྒོ་ཡལ་མོར་བྱེད་དུ་ཡང་ཕྱིར་ལོག་ཁྱེར་ནས་རང་གི་འོག་ཏུ་བཅུག་གོ།
༡༢ དེའི་ཕྱིར་ཡ་ཧོ་ཝཱ་ནས་ཡེ་རེམ་ཡཱ་ལ་བཀའ་བྱུང་ནས་འདི་སྐད་གསུང་། ༡༣ ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། དེའང་ངས་ཁྱོད་ཅག་གི་ཕ་མེས་མི་སེར་ཡུལ་ལམ། བྲན་བྱེད་པའི་ཁང་པའི་ནང་ནས་ཕྱི་རོལ་ཏུ་དྲངས་པའི་ཉིན་མོར་དེ་དག་དང་ཞལ་ཆད་བྱས་ཏེ་འདི་སྐད་བསྒོ་བ་ཡིན། ༡༤ ཁྱོད་ལ་བཙོང་ཡོད་པའི་ཨིབ་རི་པའི་སྤུན་དེ་ལོ་བདུན་པར་ཕུད་ཐོང་ཞིག དེས་ལོ་དྲུག་གཡོག་རྒྱུག་ཟིན་པའི་འོག་ཏུ་དེ་ཕུད་ཐོང་བསྒོ་ཡང་། ཁྱོད་ཅག་གི་མེས་པོ་རྣམས་ཀྱིས་བདག་ལ་མ་ཉན་པར་རྣ་བའང་མ་བཏུད་དོ། ༡༥ དེ་ཡང་དེ་རིང་གི་ཉིན་མོར་ཁྱོད་ཅག་གྱུར་ཏེ། རེ་རང་གི་ཁྱིམ་མཚེས་སྒྲོལ་བ་བཀར་བཏགས་ནས། ངའི་གཟིགས་ངོར་རིགས་པར་སྤྱད་དེ། ངའི་མཚན་གྱིས་གྲགས་པའི་ཕོ་བྲང་གི་ནང་དུ་ཁོ་བོའི་ཞལ་ངོར་ཁ་ཆད་བྱས་ནའང་། ༡༦ ད་ཁྱོད་ཅག་གྱུར་ཏེ། ངའི་མཚན་འབགས་པར་བྱས་ཏེ། བསོད་པ་ལྟར་ཕུད་བཏང་བའི་རང་གི་བྲན་གཡོག་ཕོ་མོ་རྣམས། སླར་ཡང་ཁྱོད་ཅག་གི་བྲན་གཡོག་ཕོ་མོར་བྱེད་དུ་བཟུང་ནས། འོག་ཏུ་བཅུག་པས་ན། ༡༧ ཡ་ཧོ་ཝཱས་འདི་སྐད་གསུང་། རེ་རང་གི་སྤུན་དང་ཁྱིམ་མཚེས་སྒྲོལ་དུ། བཀར་བཏགས་པ་ལྟར་ང་ལ་མ་ཉན་པས། ད་ཀྱེ་ཧོ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁོ་བོས་ཁྱོད་ཅག་རལ་གྲི་དང་རིམས་ནད་དང་མུ་གེ་ཡིས་སྒྲོལ་བའི་བཀར་འདོགས་ཏེ། ཁྱོད་ཅག་སའི་རྒྱལ་ཁམས་ཀུན་གྱི་ནང་དུ་འཁྱམ་དུ་གཞུག་གོ། ༡༨ བེའུའི་ཁོག་པ་ཁག་གཉིས་སུ་བཅད་དེ། དུམ་བུ་དེ་གཉིས་ཀྱི་བར་ནས་རྒྱུ་བའི་ཚེ། ངའི་ཞལ་ངོར་དམ་བཅས་པའི་ཚིག་བཞིན་དུ་མ་བསྒྲུབས་པར། ངའི་ཞལ་ཆད་ལས་འགལ་བའི་མི་རྣམས། ༡༩ ཡ་ཧུ་དཱའི་སྐུ་དྲག་དང་། ཡེ་རུ་ཤ་ལེམ་གྱི་སྐུ་དྲག་དང་། ཉུག་རུམ་དང་། དགེ་འདུན་དང་། བེའུ་ཡི་ཁོག་པའི་ལྟུམ་པའི་བར་ནས་རྒྱུ་བར་བྱས་པའི་ཡུལ་མི་ཐམས་ཅད། ༢༠ དེ་དག་གི་ཕ་རོལ་པའི་ལག་པ་དང་། དེ་དག་གི་སྲོག་ལ་བརྔམས་པའི་ལག་པར་ངས་བཏད་དེ། དེ་དག་གི་རོ་ནི་གནམ་གྱི་འདབ་ཆགས་དང་སའི་གཅན་གཟན་གྱི་ཟས་སུ་འགྱུར་བར་འགྱུར་རོ། ༢༡ ཡང་ངས་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་དང་དེའི་སྐུ་དྲག་རྣམས་རང་གི་དགྲའི་ལག་པ་དང་། དེ་དག་གི་སྲོག་ལ་བརྔམས་པའི་ལག་པ་དང་། ད་ལྟ་ཁྱོད་ཅག་བཞག་ནས་སོང་བའི་བཱ་བེལ་རྒྱལ་པོའི་དམག་དཔུང་གི་ལག་ཏུ་གཏད་དོ། ༢༢ ཀྱེ་ཧོ། ཡ་ཧོ་ཝཱས་འདི་སྐད་གསུང་། ངས་བཀའ་བཀོད་དེ། དེ་དག་སླར་ཡང་རྒྱལ་ས་འདིར་དྲངས་ནས། དེ་དག་གིས་འདི་ལ་འཐབ་ཅིང་བླངས་ཏེ་མེས་སྲེག་པར་འགྱུར། ཡང་ངས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ན་གཞིས་པ་གཅིག་ཀྱང་མེད་པ་ཙམ་དུ་སྟོངས་སུ་གཞུག་གོ།