༣༣
ཡེ་རེམ་ཡཱ་ད་དུང་བྱ་ར་བའི་ཚོམས་ནང་བཙོན་དུ་ཡོད་པའི་ཚེ། སླར་ཐེང་གཉིས་པར་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ།༢ འདི་མཛད་པའི་ཡ་ཧོ་ཝཱ་དང་། བཀོད་ཅིང་གཏན་ལ་འབེབས་པའི་ཡ་ཧོ་ཝཱས། མཚན་དུ་ཡ་ཧོ་ཝཱ་ལགས་སོ་གསུང་། ༣ ང་ལ་འོ་དོད་ཐོང་ཞིག་དང་། ངས་ཁྱོད་ལ་བཀའ་ལན་གནང་ཞིང་། ཁྱོད་ལ་ཆ་མེད་པའི་བྱ་བ་ཁྱད་པར་ཅན་དང་སྦས་ཡོད་པ་རྣམས་སྟོན་པར་བྱའོ། ༤ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས། ཕག་ར་དང་། རལ་གྲི་ལས་སྲུང་བའི་ཆེད་དུ། བཤིག་ཡོད་པའི་རྒྱལ་ས་འདིའི་ཁང་པ་དང་། ཡ་ཧུ་དཱའི་རྒྱལ་པོ་དག་གི་རྒྱལ་ཁབ་རྣམས་ཀྱི་སྐོར་དུ་འདི་ལྟར་གསུང་། ༥ ཀལ་དཱི་པ་རྣམས་དང་འཐབ་ཏུ་འོང་ཡང་། ངས་ཉིད་ཀྱི་ཐུགས་ཁྲོ་དང་ཁྲོ་གཏུམ་གྱིས་བཀུམ་པ་རྣམས། དེ་དག་གི་མི་དགེ་བ་ཀུན་གྱིས་རྐྱེན་ཏེ། གྲོང་ཁྱེར་འདི་ནས་ངས་ཉིད་ཀྱི་ཞལ་སྦས་པའི་མི་རྣམས་ཀྱི་རོས་ཁེངས་པར་འགྱུར། ༦ ལྟོས་ཤིག ངས་དེའི་ནད་སོས་ཏེ། ནད་མེད་བྱས་ནས། དེ་དག་གསོ་བར་བྱ་ཞིང་། ཞི་བདེ་དང་བདེན་པ་ཉིད་ཁྱབ་ཆེ་བ་མངོན་པར་བྱའོ། ༧ ངས་ཡ་ཧུ་དཱའི་བཙོན་པ་དང་། ཨིས་ར་ཨེལ་གྱི་བཙོན་པ་རྣམས་ཕྱིར་ལོག་འདྲེན་ཞིང་། སྔར་ཡོད་པ་ལྟར་བཞེང་བར་བྱའོ། ༨ དེ་དག་གིས་ང་ལ་བྱས་པའི་མི་དགེ་བ་ཚང་མ་འདག་ཏུ་བཅུག་ནས། དེ་དག་གིས་ང་ལ་བྱས་པའི་ཉེས་པ་དང་། ང་ལ་འབངས་གྱེན་ལོག་བྱས་པའི་མི་དགེ་བ་རྣམས་བཤགས་པར་བྱའོ། ༩ ངས་འདི་དག་ལ་བྱེད་པའི་བྱ་བ་བཟང་པོ་ཐམས་ཅད་ཀྱི་གཏམ་ལོ་ཐོས་པའི་ས་གཞིའི་མི་རིགས་ཀུན་གྱི་མདུན་དུ། གྲོང་ཁྱེར་འདི་ནི་ང་ལ་དགའ་བའི་མཚན་གྲགས་དང་། བསྟོད་པ་དང་། བཀུར་སྟི་རུ་འགྱུར་བར་འགྱུར་ཏེ། ངས་དེ་ལ་སྦྱོར་བའི་བྱ་བ་བཟང་པོ་ཐམས་ཅད་དང་བདེ་ལེགས་མཐའ་དག་གིས་རྐྱེན་ཏེ། དེ་དག་འཚབས་ཤིང་འདར་བར་འགྱུར་རོ༎
༡༠ ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཚོས་མི་དང་དུད་འགྲོ་མེད་པའི་ཡུལ་སྟོང་ཞེས་ཟེར་བའི་གནས་འདིའམ། མི་མེད། ཚུགས་མཁན་མེད། དུད་འགྲོའང་མེད་པར། སྟོངས་པའི་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་ཡེ་རུ་ཤ་ལེམ་གྱི་ལམ་སྲང་རྣམས་ནང་། ༡༡ ཡང་སྐྱར་ཡི་རང་བའི་སྒྲ་དང་། དགའ་མགུའི་སྐད་དང་། བག་ཕོའི་སྐད་དང་། བག་མའི་སྐད་དང་། ཡ་ཧོ་ཝཱ་བཟང་སྟེ། ཁོང་གི་ཐུགས་རྗེ་རྟག་ཏུ་གནས་པས། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱར་སྟོད་སྔོགས་ཤིག་ཟེར་བའི་སྐད་དང་། ཡ་ཧོ་ཝཱའི་ཕོ་བྲང་དུ་གཏང་རག་གི་མཆོད་པ་འཁྱེར་འོང་བ་དག་གི་སྐད་ཐོས་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ངས་ཡུལ་འདི་ལས་བཙོན་པའི་གནས་ལུགས་དེ་མེད་པར་བྱ་ཞིང་། སྔར་བཞིན་བྱ་བའི་ཕྱིར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༢ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། མི་ཡང་མེད་པ། དུད་འགྲོའང་མེད་པར། ཡུལ་སྟོངས་ཀྱི་གནས་འདི་ཉིད་དང་། དེའི་གྲོང་ཁྱེར་ཀུན་རང་གི་ལུག་ཁྱུ་རྣམས་འཇོག་པའི་ལུག་རྫིའི་གནས་ཚང་ཞིག་ཆགས་ཤིང་། ༡༣ ཕུའི་གྲོང་ཁྱེར་རྣམས་དང་། མདོའི་གྲོང་ཁྱེར་རྣམས་དང་། ལྷོའི་གྲོང་ཁྱེར་རྣམས་དང་། བེན་ཡ་མིན་གྱི་ཡུལ་དང་། ཡེ་རུ་ཤ་ལེམ་གྱི་ཡུལ་འཁོར་དང་། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ཀྱི་ནང་དུ། སླར་ཡང་ཁྱུ་རྣམས་རྩི་མཁན་གྱི་ལག་པའི་འོག་ནས་ཆས་པར་འགྱུར་ཞེས་ཡ་ཧོ་ཝཱས་གསུང་།
༡༤ ཀྱེ་ཧོ། ངས་ཨིས་ར་ཨེལ་གྱི་མི་བརྒྱུད་དང་། ཡ་ཧུ་དཱའི་མི་བརྒྱུད་ལ་ཞལ་གྱིས་བཞེས་པའི་བྱ་བ་བཟང་པོ་དེ་སྒྲུབ་པའི་ཉིན་མོ་རྣམས་ལ་འབབ་ཀྱིན་འདུག་གོ་ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༥ ཉིན་དེ་དག་དང་། དུས་དེར་དཱ་བིད་ཀྱི་དོན་དུ་ངས་དྲང་བ་ཉིད་ཀྱི་ལྕུ་གུ་དེ་བསྐྱེད་པར་བྱ་སྟེ། དེས་ཡུལ་ནང་གཤགས་དང་དྲང་བ་ཉིད་ལ་སྤྱོད་པར་འགྱུར། ༡༦ དེའི་དུས་སུ་ཡ་ཧུ་དཱ་ཐར་བར་འགྱུར་ཏེ། ཡེ་རུ་ཤ་ལེམ་འཇིགས་པ་མེད་པར་གནས་ཤིང་། དེའི་མིང་དུ། ཡ་ཧོ་ཝཱ་ངེད་ཀྱི་དྲང་བ་ཉིད་ལགས། ཞེས་གདགས་སོ། ༡༧ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། དཱ་བིད་ལ་ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་རྒྱལ་ཁྲིར་འཁོད་དུ་ནམ་ཡང་མི་དཀོན་པོ་འགྲོ་བར་མི་འགྱུར། ༡༨ ཡང་ལེ་ཝི་པའི་བླ་མ་རྣམས་ལའང་ངའི་མདུན་དུ་སྦྱིན་སྲེག་དང་། གསུར་གཏོང་བ་དང་། རྒྱུན་མཆོད་རྣམས་འབུལ་བའི་མི་དཀོན་པོ་འགྲོ་བར་མི་འགྱུར་རོ༎
༡༩ ཡང་སྐྱར་ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱའི་བཀའ་བྱོན་ནས་འདི་སྐད་དུ། ༢༠ ཡ་ཧོ་ཝཱས་འདི་སྐད་གསུང་། གལ་ཏེ་ཁྱོད་ཅག་གིས། ཉིན་མཚན་རང་གི་དུས་སུ་མི་འབྱུང་བའི་ཕྱིར་ངས་ཉིན་མོ་དང་བྱས་པའི་ཆད་དོན་དང་མཚན་མོ་དང་བྱས་པའི་ཆད་དོན་དེ་གཅོག་པར་ནུས་ན། ༢༡ དེ་ནས་ངའི་བྲན་པོ་དཱ་བིད་ལ་གདུང་འཚོབ་པའི་སྲས་མེད་པར། དཱ་བིད་དང་ངའི་ཞབས་ཕྱི་ཞུ་བའི་ལེ་ཝི་པ་བླ་མ་རྣམས་དང་བྱས་པའི་ངའི་ཞལ་ཆད་ཀྱང་ཆག་པར་སྲིད་དོ། ༢༢ ཇི་ལྟར་གནམ་གྱི་སྐར་ཚོགས་བགྲང་མི་ནུས་ཤིང་། རྒྱ་མཚོའི་བྱེ་མ་གཞལ་དུ་མི་ནུས་པ་ལྟར། ངས་ཉིད་ཀྱི་བྲན་པོ་དཱ་བིད་ཀྱི་གདུང་བརྒྱུད་དང་། ངའི་ཞབས་ཏོག་པ་ལེ་ཝི་པ་རྣམས་ཀྱང་འཕེལ་བར་བྱའོ༎
༢༣ ཡང་ཡེ་རེམ་ཡཱར་ཡ་ཧོ་ཝཱའི་གསུང་བྱོན་ནས་འདི་སྐད་གསུང་། ༢༤ མི་འདི་དག་གིས་ཅི་ཟེར་ཁྱོད་ཀྱིས་མི་རིག་གམ། ཡ་ཧོ་ཝཱས་འདམས་པའི་ཕ་ཚན་གཉིས་པོ་ནི་ཁོང་གིས་སྤངས་སོ་ཞེས་ཟེར་ཞིང་། ད་ཕྱིན་ཆད་དེ་དག་གི་མདུན་དུ་མི་བརྒྱུད་དུ་མི་ལུས་པ་ལྟར་དེ་དག་གིས་ངའི་མི་སྡེ་ལ་དེ་ཙུག་ཁྱད་དུ་སད་པ་ཡིན། ༢༥ ཡ་ཧོ་ཝཱས་འདི་སྐད་གསུང་། ཉིན་མཚན་དང་བཅས་སུ་ངའི་ཆད་མེད་ཅིང་། གནམ་སའི་གྲལ་ངས་བཀོད་པ་མ་ཡིན་ན། ༢༦ དེ་ནས་ངས་ཀྱང་། ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ཀྱི་བུ་བརྒྱུད་ལ་སྲིད་བྱེད་དུ། དེའི་བུ་ལས་སུ་ཡང་མི་བླང་བའི་དོན་དུ། ཡ་ཀོབ་དང་ངའི་བྲན་པོ་དཱ་བིད་ཀྱི་བུ་བརྒྱུད་ཀྱང་འདོར་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ངས་དེ་དག་གི་བཙོན་གྱི་གནས་ལུགས་མེད་པར་བྱས་ནས། དེ་དག་ལ་ཐུགས་བརྩེར་གཟིགས་པར་བྱའོ༎