༣༢
ནེ་བུ་ཀད་ནེ་ཙར་གྱི་ལོ་བཅོ་བརྒྱད་པའམ། ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱའི་ལོ་བཅུ་པའི་ནང་དུ། ཡེ་རེམ་ཡཱ་ལ་བྱུང་བའི་ཡ་ཧོ་ཝཱའི་གསུང་ནི། ༢ དེའང་དེའི་ཚེ་ཡེ་རུ་ཤ་ལེམ་ནི་བཱ་བེལ་རྒྱལ་པོའི་དམག་ཚོགས་ཀྱིས་བསྐོར་ནས་ཡོད་པ་ཡིན། ཡང་ལུང་སྟོན་པ་ཡེ་རེམ་ཡཱ་ནི་ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་ན་ཡོད་པའི་བྱ་ར་བའི་ཚོམས་ཀྱི་ནང་དུ་དགར་ནས་ཡོད་པ་ཡིན། ༣ དེ་ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱས་འདི་ལྟར་ཟེར་ནས་ཁོང་བཀར་བ་ཡིན། ཁྱོད་ཀྱིས་ཅི་ལ་ལུང་སྟོན་ཞིང་། ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། གྲོང་ཁྱེར་འདི་བཱ་བེལ་རྒྱལ་པོའི་ལག་ཏུ་གཏད་ཏེ། དེ་འཛིན་པར་ཡང་འགྱུར་ཏེ། ༤ ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་ནི་ཀལ་དཱི་པའི་ལག་པ་ལས་མི་ཐར་བར། བཱ་བེལ་རྒྱལ་པོའི་ལག་པར་གཏད་པར་ངེས་ཏེ། གཅིག་གིས་གཅིག་གི་མིག་ལ་ལྟ་ཞིང་། དེ་མཉམ་གདོང་ནས་གདོང་དུ་གླེང་བར་འགྱུར། ༥ དེའང་དེས་ཚེ་དེག་ཡཱ་་བཱ་བེལ་དུ་འཁྲིད་དེ། དེ་ལ་ངས་གཟིགས་པའི་བར་དུ་དེར་ལུས་པར་འགྱུར་རོ། ཡ་ཧོ་ཝཱས་གསུང་། ཁྱོད་ཀྱིས་ཀལ་དཱི་པ་རྣམས་དང་འཐབ་རུང་། ཁྱོད་ཀྱི་དོན་འགྲུབ་པར་མི་འགྱུར་རོ། ཞེས་བྱས་པ་ཡིན།༦ ཡང་ཡེ་རེམ་ཡཱས་སྨྲས་པ། ང་ལ་ཡ་ཧོ་ཝཱའི་གསུང་བྱུང་ནས་འདི་སྐད་དུ། ༧ ཀྱེ་ཧོ། ཁྱོད་ཀྱི་ཨ་ཁུ་ཤལ་ལུམ་གྱི་བུ་ཧ་ན་མེ་ཨེལ་ཁྱོད་རྩར་འོངས་ནས་ཁྱོད་ལ། ཨ་ན་ཐོད་ན་ཡོད་པའི་ངའི་ཞིང་དེ་ཁྱེད་ཀྱིས་ཉོས་ཤིག གང་ལ་ཞེ་ན། དེ་བླུ་འོས་པ་ཁྱེད་ཡིན། ཞེས་ཟེར་བར་འགྱུར་རོ་གསུངས་པ་དང་། ༨ ངའི་ཨ་ཁུའི་བུ་ཧ་ན་མེ་ཨེལ་དེ་ཡ་ཧོ་ཝཱའི་གསུང་བཞིན་དུ་བྱ་ར་བའི་ཚོམས་ནང་ངའི་རྩར་འོངས་ནས་ང་ལ། བེན་ཡ་མིན་ཡུལ་གྱི་ཨ་ན་ཐོད་ནང་ཡོད་པའི་ངའི་ཞིང་དེ་ཉོ་རོགས་མཛོད། ཅི་ལ་ཟེར་ན། འདི་ནི་ཁྱེད་ཀྱི་ཟ་ཚིར་ཡིན་ཏེ། དེ་ཤོར་མི་འཇུག་པ་ཁྱོད་ཀྱི་ཁག་ཡིན་པས། རང་གི་ཕྱིར་ཉོས་ཤིག ཅེས་སྨྲས་པ་དང་། འདི་ནི་ཡ་ཧོ་ཝཱའི་གསུང་ལགས་པ་ངས་རྟོགས་པར་གྱུར་ཏེ། ༩ ངས་ཨ་ན་ཐོད་ན་ཡོད་པའི་ཞིང་དེ་རང་གི་ཨ་ཁུའི་བུ་ཧ་ན་མེ་ཨེལ་ལས་ཉོས་ཏེ། ཤེ་ཀེལ་བྱ་བའི་དངུལ་བཅུ་བདུན་བཅལ་ནས་དེ་ལ་བྱིན་ཏེ། ༡༠ ཆད་ཡིག་ལ་ཐེའུ་བརྒྱབས་ནས། དཔང་པོ་རྣམས་བཞག་སྟེ། དངུལ་དེ་སྲང་ལ་བཅལ་ནས་བསྟེར་བ་དང་། ༡༡ ཁྲིམས་དང་ལུགས་སྲོལ་དང་བསྟུན་ནས་བསྡམས་ཏེ། ཐེའུ་བརྒྱབས་ཡོད་པ་དང་། ཕྱེས་ནས་ཡོད་པའི་འཚོང་གི་ཆད་ཡིག་གཉིས་པོ་བླངས་པ་ཡིན། ༡༢ ཡང་ངས་འཚོང་གི་གན་རྒྱ་དེ་རང་གི་ཨ་ཁུའི་བུ་ཧ་ན་མེ་ཨེལ་གྱི་མིག་གི་མདུན་དང་། བྱ་ར་བའི་ཚོམས་སུ་བསྡད་ཡོད་པའི་ཡ་ཧུ་དཱ་པ་ཀུན་གྱི་མདུན་དང་། འཚོང་གི་གན་རྒྱ་ལ་མིང་བྲིས་ཡོད་པའི་དཔང་མི་དག་གི་མདུན་དུ། མ་ཨ་སེ་ཡཱའི་ཚ་བོའམ། ནེར་ཡཱའི་བུ་བ་རུག་ལ་བཏད་པ་ཡིན་ནོ། ༡༣ ཡང་ངས་དེ་དག་གི་མདུན་དུ་བ་རུག་ལ། ༡༤ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། འཚོང་གི་ཆད་ཡིག་འདི་གཉིས་པོའམ། བསྡམས་ནས་ཐེའུ་བརྒྱབས་ཡོད་པའི་ཆད་ཡིག་འདི། ཕྱེས་ནས་ཡོད་པའི་ཆད་ཡིག་དང་བཅས་སུ་བླངས་ཏེ། ཡུན་རིང་ལུས་པའི་ཕྱིར་རྫ་བུམ་གྱི་ནང་དུ་ཆུག་ཅིག་ཅེས་གསུང་ངོ་། ༡༥ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། སླར་ཡང་གནས་འདིར་ཁྱིམ་དང་། ཞིང་དང་། རྒུན་ཚལ་རྣམས་ཉོ་བར་འགྱུར་གསུང་ངོ་ཞེས་བྱས་པ་ཡིན།
༡༦ དེའང་ནེར་ཡཱའི་བུ་བ་རུག་ལ་འཚོང་གི་ཆད་ཡིག་དེ་སྤྲད་ཟིན་པའི་འོག་ཏུ། ངས་ཡ་ཧོ་ཝཱ་ལ་སྨོན་ལམ་བཏབས་ནས་འདི་སྐད་དུ། ༡༧ ཀྱི་ཧུད། ཡ་ཧོ་ཝཱ་དཀོན་མཆོག ཀྱེ་ཧོ། ཉིད་ཀྱི་མཐུ་སྟོབས་ཆེན་པོ་དང་། བརྐྱངས་ཡོད་པའི་ཕྱག་གིས་གནམ་ས་གཉིས་པོ་བཀོད་པ་ལགས། ཁྱེད་ལ་བྱ་བ་གང་ཡང་དཀའ་བ་མེད། ༡༨ ཁྱེད་ཀྱིས་སྟོང་ཕྲག་མང་པོ་ལ་ཐུགས་བརྩེར་གཟིགས། ཕ་མེས་ཀྱི་མི་དགེ་བའི་རྔན་པ་དེ་དག་གི་འོག་ཏུ་བུ་རྣམས་ཀྱི་པང་གི་ནང་དུ་གནང་ངོ་། བླ་ན་མེད་པའི་མཐུ་སྟོབས་ཆེ་བའི་དཀོན་མཆོག ཁོང་གི་མཚན་ནི་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ལགས་ཏེ། ༡༩ བྱུས་ནང་ཆེ་ཞིང་། མཛད་རྒྱའི་ནང་མཐུ་ལྡན་ལགས། རེ་རེའི་ལམ་དང་སྤྱོད་པའི་འབྲས་བུར་འཁོ་བ་སྟེར་དུ་མིའི་བུ་རྣམས་ཀྱི་ལམ་ཐམས་ཅད་ལ་གཟིགས་པ་ལགས། ༢༠ གང་གིས་དེ་རིང་གི་ཉི་མའི་བར་དུའང་མི་སེར་ཡུལ་དང་། ཨིས་ར་ཨེལ་དང་། གཞན་མི་རྣམས་ཀྱི་ནང་ན་ལྟས་རྣམས་དང་ངོ་མཚར་ཆེ་བ་རྣམས་བསྒྲུབས་ཏེ། དེ་རིང་གི་ཉིན་མོར་མཛད་པ་ལྟར། ཉིད་ཀྱི་མཚན་བཏོན་པར་མཛད་ནས། ༢༡ ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་་མི་སེར་ཡུལ་གྱི་ནང་ནས་ལྟས་དང་། ངོ་མཚར་རྨད་པ་རྣམས་དང་། མཐུ་ལྡན་གྱི་ཕྱག་དང་། བརྐྱངས་པའི་ཕྲག་པ་དང་། འཇིགས་སྐྲག་གི་སྒོ་ནས་བཏོན་པ་ཡིན། ༢༢ དེ་དག་གི་ཕ་མེས་རྣམས་ལ་འོ་མ་དང་སྦྲང་རྩི་འབྲུབ་པའི་ཡུལ་གནང་བའི་དབུ་མནའ་བཞེས་པ་ལྟར། ཡུལ་འདི་དེ་དག་ལ་གནང་སྟེ། ༢༣ དེ་དག་འོངས་ནས་བདག་གིར་བྱས་ཀྱིས། ཁྱེད་ཀྱི་གསུང་སྐད་ལའང་མ་ཉན། ཁྱེད་ཀྱི་བཀའ་ཁྲིམས་ཀྱི་ནང་དུའང་མ་འགྲུལ་བར། ཁྱེད་ཀྱིས་གསུངས་པའི་བཀའ་ཐམས་ཅད་ལའང་མ་སྤྱད་པའི་རྐྱེན་གྱིས། ཁྱེད་ཀྱིས་དེ་དག་གི་ཐོག་ཏུ་རྐྱེན་ངན་འདི་ཐམས་ཅད་ཕབ་པ་ལགས། ༢༤ ཕག་ར་རྣམས་ལ་གཟིགས་ཤིག རྒྱལ་ས་འཛིན་དུ་དེ་དག་བསླེབས། རལ་གྲི་དང་མུ་གེ་དང་རིམས་ནད་ཀྱི་དབང་གིས། དམག་འཐབ་བྱེད་པའི་ཀལ་དཱི་པ་རྣམས་ཀྱི་ལག་ཏུ་རྒྱལ་ས་གཏོད་ཀྱིན་གདའ། ཁྱེད་ཀྱིས་གསུངས་པ་ལྟར་འགྲུབ་ཀྱིན་གདའ། ཀྱེ་ཧོ། ཁྱེད་ཀྱིས་དེ་གཟིགས་སོ། ༢༥ ཀྱེ་དཀོན་མཆོག་ཡ་ཧོ་ཝཱ། ཀལ་དཱི་པའི་ལག་ཏུ་རྒྱལ་ས་བཏང་ཟིན་རུང་། དངུལ་གྱིས་ཞིང་དེ་ཉོས་ཏེ་དཔང་པོ་ཞོག་ཅིག་ཅེས་ང་ལ་བསྒོ་བ་ལགས་གསོལ་ཏོ༎
༢༦ དེ་ནས་ཡ་ཧོ་ཝཱའི་བཀའ་ཡེ་རེམ་ཡཱ་ལ་བྱུང་ནས་འདི་སྐད་གསུངས། ༢༧ ཀྱེ་ཧོ། ང་ནི་ཡ་ཧོ་ཝཱ་ལུས་ཅན་ཐམས་ཅད་ཀྱི་དཀོན་མཆོག་ལགས་པས། ང་ལ་བྱ་བ་གང་ཡང་དཀའམ། ༢༨ དེའི་ཕྱིར་ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག ངས་རྒྱལ་ས་འདི་ཀལ་དཱི་པ་རྣམས་དང་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལག་ཏུ་གཏོད་པར་བྱ་སྟེ། ཁོས་འདི་འཛིན་པར་འགྱུར། ༢༩ ཡང་རྒྱལ་ས་འདི་ལ་གཡུལ་འགྱེད་པའི་ཀལ་དཱི་པ་རྣམས་འོངས་ཏེ། རྒྱལ་ས་ལ་མེ་སྤར་ནས། ཁོ་བོའི་ཐུགས་ཁྲོ་དཀྲུག་པའི་ཕྱིར་ཁང་པ་གང་གི་ཐོག་ཏུ་བ་ཨཱལ་ལ་བསངས་བཏང་སྟེ། ལྷ་གཞན་རྣམས་ལ་གསེར་སྐྱེམས་བཏང་བའི་ཁང་པ་རྣམས་དང་བཅས་བསྲེག་པར་འགྱུར། ༣༠ དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་བུ་བརྒྱུད་དང་ཡ་ཧུ་དཱའི་བུ་བརྒྱུད་གཉིས་པོས་ན་སོ་ཆུང་དུས་ནས་ངའི་སྤྱན་སྔར་ངན་པ་འབའ་ཞིག་སྤྱད་དེ། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་ལག་པའི་ལས་ཀྱིས་ངའི་ཐུགས་ཁྲོ་འབའ་ཞིག་དཀྲུགས་སོ། ཞེས་ཡ་ཧོ་ཝཱས་གསུང་། ༣༡ གང་ལྟར་ཞེ་ན། དེ་དག་གིས་རྒྱལ་ས་འདི་བཞེངས་པའི་ཉིན་མོ་ནས་དེ་རིང་གི་ཉིན་མོའི་བར་དུ་ངའི་ཐུགས་ཁྲོ་དང་ཁྲོ་གཏུམ་དཀྲུགས་ཏེ། ངས་དེ་ནི་ཉིད་ཀྱི་ཞལ་ངོ་ལས་དབྱུག་བཏང་བའི་རྒྱུར་གྱུར་པ་ཡིན། ༣༢ དེའི་རྐྱེན་ནི། དེ་དག་དང་། དེ་དག་གི་རྒྱལ་པོ་རྣམས་དང་། སྐུ་དྲག་དང་། བླ་མ་དང་། ལུང་སྟོན་པ་རྣམས་དང་། ཡ་ཧུ་དཱའི་བུ་བརྒྱུད་དང་། ཡེ་རུ་ཤ་ལེམ་པ་རྣམས་ཀྱིས་བྱས་པའི་ཨིས་ར་ཨེལ་དང་ཡ་ཧུ་དཱའི་བུ་བརྒྱུད་ཀྱི་ཉེས་པ་ཐམས་ཅད་ཀྱིས་ངའི་ཐུགས་ཁྲོ་དཀྲུགས་ཏེ། ༣༣ དེ་དག་གིས་ངའི་ཕྱོགས་སུ་རྒྱབ་བསྒྱུར་ནས་གདོང་མ་བསྟན་ཏོ། ཡང་ངས་སྔ་གསར་བཞེངས་ནས་གདམས་ངག་བསྟན་རུང་། གདམས་ངག་བླང་དུ་རྣ་བ་ཡང་མ་བཏད་པའི་སྟེང་དུ། ༣༤ ངའི་མཚན་གྱི་གྲགས་པའི་ཕོ་བྲང་དེ་བརླགས་པའི་ཕྱིར་དེ་དག་གི་ཞེན་ལོག་རྣམས་དེར་བཞག་སྟེ། ༣༥ རང་གི་བུ་དང་བུ་མོ་རྣམས་མོ་ལེག་གི་རྩར་མེའི་ནང་ནས་རྒྱུ་བའི་ཕྱིར། བེན་ཧིན་ནོམ་ལུང་པ་ལ་ཡོད་པའི་བ་ཨཱལ་གྱི་མཐོ་གླིང་རྣམས་བརྩིགས། དེ་དག་གིས་ཡ་ཧུ་དཱ་ལ་ཉེས་སྡིག་སྤྱོད་དུ་འཇུག་པའི་ཕྱིར་འདི་འདྲའི་ལས་ཞེན་ལོག་བྱེད་པ་ངས་བསྒོ་བ་ཡང་མ་ཡིན། སྣང་བར་ཡང་ཤར་མ་བྱུང་།
༣༦ ད་རྒྱལ་ས་འདི་ལ་བལྟ་སྟེ་ཁྱོད་ཅག་གིས། རལ་གྲི་དང་། མུ་གེ་དང་། རིམས་ནད་ཀྱི་ངང་ནས་བཱ་བེལ་རྒྱལ་པོའི་ལག་ཏུ་གཏད་འོང་ཟེར་བའི་སྐོར། དེའི་ཕྱིར་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ༣༧ ཀྱེ་ཧོ། དེའང་ངའི་ཐུགས་ཁྲོ་དང་། ཁྲོ་གཏུམ་དང་། ཁྲོ་བ་ཆེན་པོའི་ནང་ནས། དེ་དག་གང་དང་གང་དུ་བསྐྲད་ཡོད་པའི་ཡུལ་ཀུན་གྱི་ནང་ནས་ངས་བསྡུས་ཏེ། སླར་ཡང་གནས་འདིར་དྲངས་ནས། བདེ་བར་གནས་སུ་གཞུག་གོ། ༣༨ དེ་ནས་དེ་དག་ངའི་མི་སྡེ་དང་ང་དེ་དག་གི་དཀོན་མཆོག་ཏུ་གྱུར་ནས། ༣༩ དེ་དག་རང་དང་། དེ་དག་གི་རྗེས་སུ་འབྱུང་བའི་བུ་རྣམས་ཀྱི་བདེ་བའི་དོན་དུ། གཏན་དུ་ང་ལ་བག་བྱེད་པའི་ཕྱིར། ངས་སྙིང་གཅིག་ཅིག་དང་། ལམ་གཅིག་ཅིག་དེ་དག་ལ་སྟེར་བར་བྱའོ། ༤༠ ངས་དེ་དག་ལ་བཟང་པོ་བྱེད་པ་ལས་མི་འགྱུར་བའི་དོན་དུ། དེ་དག་དང་མཉམ་དུ་དུས་གཏན་གྱི་ཞལ་ཆད་ཅིག་བྱ་སྟེ། སླར་དེ་དག་ང་ནས་མི་ཡན་པ་ལ། དེ་དག་གི་སྙིང་གི་ནང་ན་ང་ལ་བག་བྱེད་པའི་སེམས་ཀྱང་འཇུག་པར་བྱའོ། ༤༡ འོ། ངས་དེ་དག་ལ་དགའ་བཞིན་དུ་བཟང་པོ་བྱེད་ཅིང་། ཉིད་ཀྱི་སྙིང་ཚང་མ་དང་སེམས་ཀུན་ནས་དེ་དག་ཡུལ་འདིར་ངེས་པར་དུ་འཛུག་པར་བྱའོ། ༤༢ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཇི་ལྟར་ཁོ་བོས་མི་སྡེ་འདིའི་ཐོག་ཏུ་རྐྱེན་ངན་འདི་ཐམས་ཅད་དྲངས་པ་ནང་བཞིན་དུ། ངས་དེ་དག་ལ་ཞལ་གྱིས་བཞེས་པའི་བཟང་པོ་ཐམས་ཅད་ཀྱང་འདྲེན་པར་བྱ་སྟེ། ༤༣ ཁྱོད་ཅག་གིས་འདི་ནི་ཀལ་དཱི་པ་རྣམས་ཀྱི་ལག་པར་བཏད་དེ། མིའམ་དུད་འགྲོ་ཅིའང་མེད་པའི་ཡུལ་སྟོང་། ཞེས་ཟེར་བའི་ཡུལ་འདིར་ཞིང་རྣམས་ཉོ་བར་འགྱུར་ཏེ། ༤༤ བེན་ཡ་མིན་ཡུལ་དང་། ཡེ་རུ་ཤ་ལེམ་གྱི་ཡུལ་འཁོར་དང་། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། རིའི་གྲོང་ཁྱེར་རྣམས་དང་། ཐང་གའི་གྲོང་ཁྱེར་རྣམས་ཀྱི་ནང་དུ་མིས་དངུལ་སྤྲད་ནས་ཞིང་ཉོས་ཏེ། ཆད་ཡིག་བྲིས་ཏེ། ཐེའུ་བརྒྱབས་ཏེ། ཆ་དཔང་རྣམས་འཇུག་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ངས་དེ་དག་གི་བཙོན་པ་རྣམས་ཕྱིར་ལོག་འདྲེན་པར་བྱ་བའི་ཕྱིར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎