༣༡
དེའི་ཚེ་ང་ནི་ཨིས་ར་ཨེལ་གྱི་མི་བརྒྱུད་ཐམས་ཅད་ཀྱི་དཀོན་མཆོག་དང་། དེ་དག་ངའི་མི་སྡེ་ཡིན་པར་འགྱུར་རོ་ཞེས་ཡ་ཧོ་ཝཱས་གསུང་། ༢ ཡ་ཧོ་ཝཱས་འདི་སྐད་གསུང་། ཨིས་ར་ཨེལ་ལ་སེམས་བདེ་སྟེར་བའི་ཕྱིར་ང་ཆས་དུས། རལ་གྲི་ལས་ཐར་པའི་མི་སྡེ་ལ་འབྲོག་སྟོང་གི་ནང་ན་ཐུགས་རྗེ་ཐོབ།༣ སྔོན་དུས་ཡ་ཧོ་ཝཱ་བདག་ལ་མངོན་དུ་བྱུང་ནས་འདི་སྐད་དུ། འོ་ན། མཐའ་མེད་པའི་བྱམས་པས་ངས་ཁྱོད་གཅེས་པར་བཟུང་བས་ན། ཆད་མེད་དུ་ངས་ཁྱོད་ལ་བྱམས་པ་ཡིན། ༤ སླར་ཁྱོད་ཀྱི་མཁར་ལས་བྱ་བས། ངས་ཁྱོད་བཞེང་བར་བྱ། ཀྱེ་ཨིས་ར་ཨེལ་གྱི་ན་ཆུང་། སླར་ཁྱོད་ཀྱིས་རང་གི་རྔ་བླངས་ཏེ། སེམས་དགའ་ཞིང་གར་རྩེད་པའི་ཁྲོད་དུ་འགྲུལ་བར་འགྱུར། ༥ སླར་ཡང་ཁྱོད་ཀྱིས་ས་མར་ཡཱའི་རི་རྣམས་ལ་རྒུན་ཚལ་རྣམས་འཛུགས་ཤིང་། བཙུག་མཁན་གྱིས་ཀྱང་དེའི་ཤིང་ཏོག་ལ་ལོངས་སྤྱོད་པར་འགྱུར་རོ། ༦ དེ་ཅིའི་ཕྱིར་ཞེ་ན། ཨེབ་ར་ཨིམ་གྱི་རི་ལས་སོ་པས་འབོད་ཅིང་། ལོངས་ཤིག་དང་། ངེད་ཅག་ཙི་ཨོན་དུ་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་དྲུང་དུ་འདོང་བར་བྱའོ། ཞེས་སྦྲོན་པའི་ཞག་ཅིག་འབྱུང་བར་འགྱུར་རོ༎
༧ གང་ལ་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཡ་ཀོབ་ཀྱི་ཕྱིར་དགའ་མགུའི་དབྱངས་ལོངས་ཤིག མི་རིགས་རྣམས་ཀྱི་ནང་ནས་གཙོ་ཆེ་བ་ཡིན་པའི་ཕྱིར་འུར་སྒྲ་ཐོང་ཞིག བཀར་ཐོགས་ཤིག བསྟོད་ཅིག ཀྱེ་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་ལྷག་མ་ཁྱེད་ཀྱི་མི་སྡེ་སྒྲོལ་བར་མཛོད་ཅིག་ཅེས་བརྗོད་ཅིག ༨ ཀྱེ་ཧོ། ངས་དེ་དག་བྱང་ཡུལ་ནས་དྲངས་ཏེ། སའི་མཐའ་མ་ནས་སྡུད་པར་བྱ། ལོང་བ་དང་། ཞ་བོ་དང་། མངལ་དང་ལྡན་པའི་བུད་མེད་དང་། སྐྱེ་གཟེར་ཐེབས་པ་དང་བཅས་མི་ཚོགས་ཆེན་པོ་ཞིག་ཚུར་ལོག་འོང་བར་འགྱུར། ༩ དེ་དག་ངུ་ཞིང་འོང་ཡང་། ངས་བཅོལ་ཞིང་དེ་དག་འཁྲིད་པར་བྱ་སྟེ། ཆུའི་གཙང་པོ་རྣམས་ཀྱི་ཟུར་དང་། མི་འབུབ་པའི་ཕྱིར་ལམ་དྲང་པོ་ཞིག་ནས་འཁྲིད་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ང་ནི་ཨིས་ར་ཨེལ་གྱི་ཡབ་དང་། ཨེབ་ར་ཨིམ་ངའི་སྔོན་སྐྱེས་ཡིན་ནོ༎
༡༠ ཀྱེ་མི་བརྒྱུད་རྣམས། ཡ་ཧོ་ཝཱའི་གསུང་ལ་རྣ་བ་ཐོད་ཅིག་དང་། རྒྱང་རིང་གི་གླིང་ཕྲན་རྣམས་ཀྱི་ནང་དུ་དེ་བཞིན་སྒྲོག་ཅིང་། ཨིས་ར་ཨེལ་གཏོར་བར་མཛད་མཁན་གྱིས་སླར་ཡང་དེ་བསྡུ་ཞིང་། རྫི་བོས་རང་གི་ལུག་ཁྱུ་སྲུང་བ་ལྟར་དེ་དག་སྲུང་བར་འགྱུར་རོ། ༡༡ གང་ལ་ཞེ་ན། ཡ་ཧོ་ཝཱས་ཡ་ཀོབ་བླུས་ཏེ། དེ་བས་སྟོབས་ཆེ་བའི་ལག་པ་ལས་བསྒྲལ་བས་ན། ༡༢ དེ་དག་འོངས་ཏེ་ཙི་ཨོན་གྱི་རྩར་གླུ་ལེན་ཞིང་། ཡ་ཧོ་ཝཱའི་གནང་སྦྱིན་བཟང་པོ་རྣམས་སམ། འབྲུ་དང་། རྒུན་ཆང་དང་འབྲུ་མར་དང་། ཕྱུགས་ཀྱི་ལུ་གུ་དང་བེའུའི་ཐད་དུ་ལྷན་ཅིག་ཏུ་ཕྱོགས་པར་འགྱུར་ཏེ། དེ་དག་གི་སྙིང་ནི་ཆུས་བཅུས་པའི་སྐྱེད་མོས་ཚལ་ལྟ་བུར་གྱུར་ནས། ཕྱིན་ཆད་དུ་ནམ་ཡང་སེམས་སྐྱོ་བར་མི་འགྱུར། ༡༣ དེ་ནས་ན་ཆུང་རྩེད་ཅིང་། རྒན་གཞོན་གཉིས་པོ་ཡིད་མགུ་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་སེམས་བརྡུགས་ནི་དགའ་མགུར་བསྒྱུར་ཏེ། སེམས་སོས་ཏེ། དེ་དག་གི་སེམས་འཚེར་གྱི་མཐར་ངས་དགའ་མགུ་སྟེར་བར་བྱའོ། ༡༤ ཡང་བླ་མ་རྣམས་ཀྱི་སྙིང་ཚིལ་གྱིས་ཚིམ་པར་བྱ་ཞིང་། ངའི་གནང་སྦྱིན་བཟང་པོས་ངའི་མི་སྡེ་ཚིམ་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༥ ཡ་ཧོ་ཝཱས་འདི་སྐད་གསུང་། རཱ་མཱའི་ནང་ན་ཆོ་ངེས་དང་། ངུ་སྐད་དྲག་པོའི་སྐད་ཅིག་ཐོས་བྱུང་། ར་ཧེལ་རང་གི་ཕྲུ་གུ་རྣམས་ཀྱི་ཕྱིར་དུ་སྟེ། དེ་རྣམས་མེད་པས་རང་གི་ཕྲུ་གུ་རྣམས་ཀྱི་ཕྱིར་སེམས་གསོ་མི་འདོད་དོ་ཟེར། ༡༦ ཡ་ཧོ་ཝཱས་འདི་སྐད་གསུང་། རང་གི་ངུ་སྐད་དེ་ཆོད་ཅིག་དང་། མིག་ལས་མཆི་མ་ཆད་ཆུག དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་ལས་ཀྱི་ཕྱིར་རྔན་པ་ཐོབ་ཅིང་། དེ་དག་སླར་ཕ་རོལ་པའི་ཡུལ་ལས་ཕྱིར་ལོག་སླེབ་པར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་། ༡༧ ཁྱོད་ཀྱི་བུ་རྣམས་སླར་རང་གི་ས་མཚམས་ཀྱི་ནང་དུ་འོང་བར་འགྱུར་བས་ན། ཁྱོད་ལ་ཕུགས་ཀྱི་ཕྱིར་རེ་བ་ཡོད་དོ་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༨ ཨེབ་ར་ཨིམ་རང་འདི་ལྟར་མྱ་ངན་བྱེད་པ་ངས་ངོ་ཐོག་ཐོས་པ་ནི། ཁྱེད་ཀྱིས་བདག་ལ་ཆད་པས་བཅད་དེ། གཉའ་མ་བྱངས་པའི་བེའུ་ལྟར་དུ་བདག་ལ་ཆད་པ་ཕོག་བྱུང་། ཁྱེད་ནི་ཡ་ཧོ་ཝཱ་ངའི་དཀོན་མཆོག་ལགས་པས། ང་སྒྱུར་བར་མཛོད་ཅིག་དང་། ང་སྒྱུར་བར་འགྱུར་རོ། ༡༩ བདག་ཡང་དག་པར་སེམས་བསྒྱུར་བའི་རྗེས་སུ། ངས་འགྱོད་ཚངས་བྱས། ཡང་ང་འཆུན་པར་གྱུར་བའི་འོག་ཏུ་རང་གི་བརླ་ཤར་བརྡུངས་པ་ཡིན། རང་གི་ན་གཞོན་གྱི་སྨོད་ཟོར་བཀུར་ཡོད་པས། ང་སྐྱེངས་ཤིང་ངོ་ཚ་བར་གྱུར་ཏོ། ༢༠ ཨེབ་ར་ཨིམ་ངའི་བུ་གཅེས་པ་དེ་ལགས་སམ། ངའི་བུ་སྙིང་སྡུག་ཅིག་ཡིན་ནམ། དེ་ཅིའི་ཕྱིར་ཞེ་ན། ངས་དེ་ལ་ལན་དུ་མར་སྨད་ཀྱང་། ངའི་སྙིང་གི་མཐིལ་ནས་ད་དུང་ཡང་དྲན། དེའི་ཕྱིར་ངའི་རྒྱུ་མ་དཀྲོག་ཅིང་། ངས་དེ་ལ་ཐུགས་རྗེས་གཟིགས་པ་གཏན་འཁེལ་ཡིན། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༡ ཁྱོད་རང་ཕྱིར་ལམ་གྱི་རྟགས་ཚུགས་ཤིག རང་ལ་ཐོ་ཡོར་སློངས་ཤིག རྒྱ་ལམ་མམ། ཁྱོད་རང་ཆས་པའི་ལམ་ནང་རང་གི་སྙིང་ཐོང་ཞིག ཀྱེ་ཨིས་ར་ཨེལ་གྱི་བུ་མོ། ཚུར་ལོག་ཤོག རང་གི་གྲོང་ཁྱེར་འདི་རྣམས་ཀྱི་ནང་དུ་ཚུར་ལོག་ཤོག ༢༢ བུད་མེད་ཅིག་གིས་སྐྱེས་པ་ཞིག་ལ་བསྐོར་བའི་བྱ་བ་གསར་བ་ཞིག་ཡ་ཧོ་ཝཱས་མཛད་པས་ན། དུས་ནམ་གྱི་བར་དུ་ཀྱེ་ཕྱིན་ཅི་ལོག་གི་བུ་མོ། ཁྱོད་འཁོར་གྱིན་སྡོད་པར་བྱ། ༢༣ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ངས་དེ་དག་གི་ནང་ནས་བཙོན་དུ་ཡལ་བ་རྣམས་སླར་འཁྲིད་འོང་བའི་དུས་སུ། སླར་ཡང་ཡ་ཧུ་དཱའི་ཡུལ་ཁམས་དང་། དེའི་གྲོང་ཁྱེར་རྣམས་ནང་། ཀྱེ་དྲང་བ་ཉིད་ཀྱི་གནས་ཚང་། ཀྱེ་དམ་པའི་རི་བོ། ཡ་ཧོ་ཝཱས་ཁྱོད་ལ་བཀྲ་ཤིས་བརྗོད་པར་ཤོག ཞེས་པའི་གླེང་མོ་ཡོད་པར་འགྱུར་རོ། ༢༤ དེ་ནས་ཡ་ཧུ་དཱ་རང་དང་། དེའི་གྲོང་ཁྱེར་ཐམས་ཅད་ཀྱི་ནང་དུ་ཞིང་བདག་རྣམས་དང་། ལུག་ཁྱུ་རྣམས་དང་མཉམ་འགྲོ་བ་དག་ལྷན་ཅིག་ཏུ་གནས་པར་འགྱུར་རོ། ༢༥ དེ་ཅིའི་ཕྱིར་ཞེ་ན། ཉམས་ཐག་པའི་སེམས་ངས་ཚིམ་པར་བྱས་ཏེ། སྙིང་བརྡུགས་པ་ཐམས་ཅད་ཀྱི་སེམས་སོས་པར་བྱས་པའི་ཕྱིར་རོ༎
༢༦ དེའི་ཚེ་ང་གཉིས་སད་དེ་བལྟས་པ་དང་། ངའི་གཉིད་དེ་འོ་མ་གཉིད་ཡོད་པ་ཡིན་ནོ༎
༢༧ ཀྱེ་ཧོ། ངས་ཨིས་ར་ཨེལ་གྱི་མི་བརྒྱུད་དང་། ཡ་ཧུ་དཱའི་མི་བརྒྱུད་ཀྱི་ནང་དུ་མི་དང་ཕྱུགས་ཀྱི་ས་བོན་འདེབས་པའི་ཉིན་མོ་རྣམས་འོང་གིན་གདའ། ཞེས་ཡ་ཧོ་ཝཱས་གསུང་། ༢༨ དེ་ནས་ངས་ཇི་ལྟར་དེ་དག་རྩད་ནས་འདོན་པ་དང་། རྟིབ་པ་དང་། རློག་པ་དང་། མེད་པར་བྱེད་པ་དང་། མནར་བར་བྱེད་དུ་ཟིར་ནས་སྡད་པ་ལྟར། ད་ངས་དེ་དག་བཞེང་བ་དང་། འཛུགས་པའི་དོན་དུ་སྲུང་ནས་བཞུགས་པར་བྱའོ། ༢༩ དེའི་དུས་སུ། མེས་པོས་རྒུན་སྐྱུར་ཟོས། ཕྲུ་གུའི་སོ་ནི་གཙིད་པ་ཡིན། ཞེས་དེ་ཕྱིན་ཆད་མི་ཟེར་བར། ༣༠ ཐམས་ཅད་རང་གི་མི་དགེ་བའི་ལས་ཀྱིས་འཆི་ཞིང་། རྒུན་སྐྱུར་ཟ་མཁན་ཐམས་ཅད་ཀྱི་སོ་གཙིད་པར་འགྱུར་རོ༎
༣༡ ཀྱེ་ཧོ། ཨིས་ར་ཨེལ་གྱི་མི་བརྒྱུད་དང་ཡ་ཧུ་དཱའི་མི་བརྒྱུད་གཉིས་དང་ངས་ཞལ་ཆད་གསར་བ་ཞིག་བྱེད་པའི་དུས་ལ་འབབ་ཀྱིན་འདུག ༣༢ ངས་དེ་དག་གི་ཕ་མེས་རྣམས་མི་སེར་ཡུལ་ནས་འདོན་དུ་ཉིད་ཀྱི་ཕྱག་གིས་དྲངས་པའི་དུས། བྱས་པའི་ཞལ་ཆད་ལྟ་བུ་ནི་མི་བྱ། དེ་དག་གི་ཁྱོ་བོ་ང་ལགས་བཞིན་དུ་ངའི་ཞལ་ཆད་དེ་བཅག་གོ། ཞེས་ཡ་ཧོ་ཝཱས་གསུང་། ༣༣ འོན་ཀྱང་དུས་དེའི་འོག་ཏུ་ངས་ཨིས་ར་ཨེལ་གྱི་མི་བརྒྱུད་དང་བྱ་བའི་ཞལ་ཆད་ནི་འདི་ལྟ་སྟེ། ཡ་ཧོ་ཝཱས་གསུང་། ངས་ཉིད་ཀྱི་བཀའ་རྒྱ་ནི། དེ་དག་གི་ཁོག་ནང་འཇུག་ཅིང་། སྙིང་གི་ནང་དུ་འབྲི་བར་བྱ། དེ་ནས་ང་དེ་དག་གི་དཀོན་མཆོག་དང་། དེ་དག་ངའི་མི་སྡེར་འགྱུར་བར་འགྱུར། ༣༤ ཡང་ངས་དེ་དག་གི་མི་དགེ་བ་སེལ་ཞིང་། ཕྱིན་ཆད་དུ་དེ་དག་གི་ཉེས་སྡིག་མི་དྲན་པའི་ཐབས་ཀྱིས། མཆོག་དམན་ཡོད་དོ་ཅོག་གིས་ང་ངོ་ཤེས་པར་འགྱུར་བས། སུས་ཀྱང་རང་གི་ཁྱིམ་མཚེས་དང་སྤུན་ལ། ཡ་ཧོ་ཝཱ་ངོ་འཕྲོད་པར་བྱོས་ཤིག ཅེས་ཟེར་ཞིང་བསླབ་དགོས་མི་འབྱུང་ངོ་། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༣༥ ཡ་ཧོ་ཝཱས་འདི་སྐད་དུ། ཉིན་མོའི་འོད་དུ་ཉི་མ་གནང་ཞིང་། མཚན་མོའི་འོད་དུ་ཟླ་བ་དང་སྐར་མ་རྣམས་ཀྱི་གྲལ་མཛད་དེ། ཁྲི་རྒྱ་མཚོའི་རྦ་ཀློང་གིས་ལྡིར་སྒྲ་འབྱིན་དུས་ཞི་བར་མཛད་མཁན། ཁོང་གི་མཚན་ནི་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱའོ་གསུང་། ༣༦ ཡ་ཧོ་ཝཱས་འདི་སྐད་གསུང་། ཇི་སྟེ་གྲལ་རིམ་འདི་དག་ངའི་ཞལ་ངོ་ལས་འདའ་ན། དེ་ནས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱང་། རྒྱུན་དུ་མི་བརྒྱུད་དུ་མི་ལུས་པའི་ཕྱིར། ངའི་ཞལ་ངོ་ལས་འདའ་བར་འགྱུར་རོ། ༣༧ ཡ་ཧོ་ཝཱས་འདི་སྐད་གསུང་། གལ་ཏེ་སྟེང་གི་ནམ་མཁའ་གཞལ་སྲིད་དེ། གཏིང་ས་གཞིའི་རྩིག་རྨང་གི་རྩད་ཆོད་ནུས་ན། དེ་ནས་ངས་ཀྱང་ཨིས་ར་ཨེལ་གྱི་བུ་བརྒྱུད་ཐམས་ཅད། དེ་དག་གིས་བྱས་པའི་ལས་ཀུན་གྱི་ཕྱིར། འདོར་བར་བྱའོ་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༣༨ ཀྱེ་ཧོ། ཧ་ནཱ་ནེ་ཨེལ་གྱི་སྤེའུ་ནས་གྲུ་ཁུགས་ཀྱི་རྒྱ་སྒོའི་བར་དུ་གྲོང་ཁྱེར་འདི་ཡ་ཧོ་ཝཱའི་དོན་དུ་བཞེང་བའི་དུས་ལ་འབབ་ཀྱིན་འདུག་གོ། ཞེས་ཡ་ཧོ་ཝཱས་གསུང་། ༣༩ ཡང་ཐིག་སྐུད་ནི་དེའི་ཐད་ལས་རི་ག་རེབ་ལས་ཀྱང་ཐལ་ཏེ་གོ་ཨའི་བར་དུའང་སླེབ་པར་འགྱུར་ཏེ། ༤༠ རོ་དང་གོག་ཐལ་གྱི་རོང་ཚང་མ་དང་། ཀླུངས་ཐམས་ཅད་ཀིད་རོན་གྲོག་པོའི་བར་དུ་དང་། ཤར་ཕྱོགས་ཀྱི་རྟའི་རྒྱ་སྒོའི་གྲུའི་བར་དུ་ཡ་ཧོ་ཝཱའི་དོན་དུ་དམ་པར་འགྱུར། དེ་ཕྱིན་ཆད་དུས་རྟག་ཏུ་དེར་རྩད་ནས་འདོན་པ་དང་རློག་པ་འབྱུང་བར་མི་འགྱུར་རོ༎